ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱིས་ཝུའུ་ཁི་ལན་དུ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ4བའི་ཚེས24ཉིན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཅི་ཧྥུའུ་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་གཉིས་ལ་ཐུག་འཕྲད་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་ཉེར་ལྔ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས24ཉིན་ཅི་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་གཉིས་དང་གྲོས་མོལ་བྱེད་སྐབས། སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སིའི་བཀག་སྡོམ་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་། 

བསྒྲགས་པ་ལྟར་ན། ཙེ་ལེན་སི་ཅི་དང་པུའུ་ལིན་ཁུན། ཨོ་སི་ཏེན་བཅས་ཀྱིས་གྲོས་མོལ་བྱེད་སྐབས་གཙོ་བོ་ཝུའུ་ཁི་ལན་གྱི་དམག་དོན་དང་དཔལ་འབྱོར་རོགས་སྐྱོར། ཝུའུ་ཁི་ལན་གྱི་བདེ་འཇགས་འགན་སྲུང་། དེ་མིན་ཨུ་རུ་སིའི་བཀག་སྡོམ་ལ་ཤུགས་སྣོན་པ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་གཙོ་བོ་སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སིའི་བཀག་སྡོམ་ལ་ཤུགས་སྣོན་པའི་གནད་དོན་ལ་གྲོས་བསྡུར་བྱས། ཙེ་ལེན་སི་ཅི་ཡིས་ཨ་མེ་རི་ཁར་ཨུ་རུ་སིའི་བཀག་སྡོམ་ལ་ཤུགས་སྣོན་པའི་འགུལ་སྐྱོད་འཆར་གཞི་ཞིག་སྤྲད། ཕྱོགས་གཉིས་ཀྱིས་ད་རུང་སྤེལ་བཞིན་པའི་ཝུའུ་ཁི་ལན་དང་ཨུ་རུ་སིའི་གྲོས་མོལ་གནད་དོན་ལའང་གྲོས་བསྡུར་བྱས། 

ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་འདོན་སྤྲོད་བྱས་པའི་མེ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བཞིའི་དམག་དོན་རོགས་སྐྱོར་ལས་ཝུའུ་ཁི་ལན་གྱི་རྒྱལ་སྲུང་སྟོབས་ཤུགས་ཇེ་དྲག་ཏུ་འགྲོ་བར་བྱས་རྗེས་ཆེན་པོ་བཞག་ཡོད་ཟེར། ཁོས་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་ཐོན་རྫས་ཀྱི་ཚོང་རར་ཞུགས་ཆོག་གི་ཚད་རྒྱ་བསྐྱེད་ནས། ཝུའུ་ཁི་ལན་གྱི་དཔལ་འབྱོར་ཐད་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་། 

གཞན་ཡང་ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། པུའུ་ལིན་ཁུན་གྱིས་ཚེས་ཉེར་བཞི་ཉིན་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨ་མེ་རི་ཁས་མུ་མཐུད་དུ་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཨོ་སི་ཏེན་གྱིས་ཀྱང་བསྟན་དོན། ཨ་མེ་རི་ཁས་གང་ནུས་ཀྱིས་རྒྱུན་མཐུད་ངང་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

པུའུ་ལིན་ཁུན་དང་ཨོ་སི་ཏེན་གཉིས་ཚེས་ཉེར་བཞི་ཉིན་ཝུའུ་ཁི་ལན་དུ་འབྱོར་ནས་འཚམས་འདྲི་བྱས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།