ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་དུ་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་གྱི་ཞོགས་པར་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་དུ་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས་ཏེ། དབྱི་སི་རལ་ཕྱོགས་ལ་ཉིན་དེར་ལེ་པཱ་ནུན་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་པར་རྒོལ་ལན་སྤྲད་པ་རེད། 

དབྱི་སི་རལ་དམག་ཕྱོགས་ཀྱིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་དམག་ཕྱོགས་ཀྱིས་ཉིན་དེར་ལེ་པཱ་ནུན་མངའ་ཁོངས་ཀྱི་མེ་ཤུགས་འཕུར་མདའི་གཏོང་འཕེན་བྱེད་སའི་དམིགས་འབེན་མང་བོར་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས་པ་དང་། ཞོར་དུ་ས་དེའི་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་ནས། ལེ་པཱ་ནུན་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་ལན་སྤྲད་པ་ཡིན་ཟེར། 

ཚེས་ཉེར་ལྔ་ཉིན་གྱི་ཞོགས་པར་མེ་ཤུགས་འཕུར་མདའ་ཞིག་ལེ་པཱ་ནུན་ནས་དབྱི་སི་རལ་དུ་གཏོང་འཕེན་བྱས་ཏེ་དབྱི་སི་རལ་བྱང་ཕྱོགས་ཀྱི་ས་སྟོང་དུ་ལྷུང་བ་རེད། མིག་སྔར་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད། དེ་ནི་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བརྒྱད་པའི་ཚུན་ལ་ཐོག་དང་པོར་ལེ་པཱ་ནུན་ནས་དབྱི་སི་རལ་དུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པ་རེད། མིག་སྔར་ད་རུང་རྩ་འཛུགས་གང་རུང་གིས་ཐེངས་འདིའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་དོན་རྐྱེན་ལ་འགན་ཁུར་རྒྱུ་ཁྱབ་བསྒྲགས་བྱས་མེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།