ཀྲུང་གོ་བོད་ཀྱི་དྲ་བ།

པེད་ཏིན་གྱིས་ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་ཚད་བརྒལ་བདེ་འཇགས་རོགས་སྐྱོར་དང་ཐད་ཀར་གྱི་དཔལ་འབྱོར་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་རིན་ཐང་མེ་སྒོར་དུང་ཕྱུར་བརྒྱད་ཀྱི་ཚད་བརྒལ་བདེ་འཇགས་རོགས་སྐྱོར་དང་མེ་སྒོར་དུང་ཕྱུར་ལྔའི་ཐད་ཀར་གྱི་དཔལ་འབྱོར་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། 

པེད་ཏིན་གྱིས་ཉིན་དེར་ཕོ་བྲང་དཀར་པོ་ནས་བཤད་རྒྱུར། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་རིན་ཐང་མེ་སྒོར་དུང་ཕྱུར་བརྒྱད་ཀྱི་ཚད་བརྒལ་བདེ་འཇགས་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། ཝུའུ་ཁི་ལན་གྱི་ཤར་ཕྱོགས་ཏོན་པཱ་སི་ས་ཁུལ་གྱི་འཐབ་འཁྲུག་ནུས་པ་ཇེ་དྲག་ཏུ་འགྲོ་བར་རོགས་རམ་བྱེད་རྒྱུ་ཡིན། དེ་ལས་གཞན་ཨ་མེ་རི་ཁས་ཝུའུ་ཁི་ལན་སྲིད་གཞུང་ལ་མེ་སྒོར་དུང་ཕྱུར་ལྔའི་ཐད་ཀར་གྱི་དཔལ་འབྱོར་རོགས་སྐྱོར་འདོན་སྤྲོད་བྱས་ནས་དེའི་དཔལ་འབྱོར་གཏན་འཇགས་ཡོང་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར། པེད་ཏིན་གྱིས་བཤད་རྒྱུར། ཁོས་གཟའ་འཁོར་རྗེས་མར་ཨ་མེ་རི་ཁའི་རྒྱལ་ཚོགས་ལ་ཚད་བརྒལ་སྔོན་རྩིས་རེ་ཞུ་བྱས་ཏེ། ཨ་མེ་རི་ཁས་བསྟུད་མར་ཝུའུ་ཁི་ལན་ལ་མཚོན་ཆ་དང་དཔལ་འབྱོར་གྱི་རོགས་སྐྱོར་བྱེད་ཐུབ་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

པེད་ཏིན་གྱིས་ད་རུང་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁས་ཨུ་རུ་སིའི་རྒྱལ་དར་བསྒྲེངས་པར་གཏན་འགོག་བྱེད་པ་དང་། ཨུ་རུ་སིར་དབང་བའམ་ཨུ་རུ་སི་ཡིས་ཚོང་གཉེར་བྱེད་པའི་གྲུ་གཟིངས་གང་རུང་ཨ་མེ་རི་ཁའི་གྲུ་ཁར་ཡོང་བར་གཏན་འགོག་བྱེད་རྒྱུ་ཡིན་ཟེར། ཁོས་བྱ་སྤྱོད་དེ་ནི་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོགས་པོ། དབྱིན་ཇི་དང་ཁཱ་ནཱ་ཏཱ་བཅས་ཀྱིས་མཉམ་དུ་སྤེལ་བའི་འགུལ་སྐྱོད་ཅིག་ཡིན་ལ། ཨུ་རུ་སིར་རྒྱལ་སྤྱིའི་དཔལ་འབྱོར་མ་ལག་ཁྲོད་ནས་ཁེ་ཕན་ཐོབ་པར་བཀག་འགོག་བྱེད་ཆེད་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།