ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་རྒྱལ་ཁབ་དག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱི་བཙན་འཛུལ་བྱ་སྤྱོད་ལ་ཐེ་གཏོགས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་རྒྱལ་ཁབ་དག་གི་པུའུ་ཀྲང་རིམ་པའི་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཅིག་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་རྒྱལ་ས་ཨན་མན་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། དབྱི་སི་རལ་གྱིས་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་ལ་བཙན་འཛུལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་ཐེ་གཏོགས་བྱེད་ཐབས་སྤྱོད་དགོས་པའི་འབོད་སྐུལ་བཏང་། 

ཅོར་ཏན་དང་ཐུ་ནི་ཞི་ཡཱ། ཨར་ཅི་རི་ཡཱ། སོ་ཏི་ཨ་རབ། ཕཱ་ཁི་སི་ཐན། ཁཱ་ཐར། ཨེ་ཅིབ། མའོ་ལོ་ཀི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ནས་ཡོང་བའི་འཐུས་མི་དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་བཅས་ཉིན་དེའི་གྲོས་ཚོགས་ལ་ཞུགས་ནས། ཡེ་ལུའུ་སཱ་ལེམ་དང་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་གི་གནས་བབ་ཐད་ནས་གྲོས་བསྡུར་བྱས། 

ཨ་རབ་རྒྱལ་ཁབ་དག་གི་པུའུ་ཀྲང་རིམ་པའི་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་གྲོལ་རྗེས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་གི་དད་ལྡན་མང་ཚོགས་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། དབྱི་སི་རལ་གྱི་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་གི་ལོ་རྒྱུས་གོ་གནས་དང་ད་ལྟའི་གནས་བབ་བསྒྱུར་བར་བསམ་པའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱས། གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་ཡེ་ལུའུ་སཱ་ལེམ་ནས་མངོན་སུམ་འཛེམ་མེད་ཀྱིས་དཀྲུག་འཕེན་བྱས་པ་ལས་དྲག་ཤུགས་དོན་རྐྱེན་བྱུང་སྟེ། ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་དང་གཏན་འཇགས་ལ་འཇིགས་ཉེན་ཐེབས་སྲིད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།