ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱའི་སྤྱི་དམངས་སྐོར་ཞིག་ལ་མི་སྒེར་གྱི་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཅིག་ཉིན་ཨ་མེ་རི་ཁའི་སྤྱི་དམངས་ཉེར་དགུ་དང་། ཁཱ་ནཱ་ཏཱའི་སྤྱི་དམངས་རེ་གཅིག་ལ་མི་སྒེར་གྱི་བཀག་སྡོམ་བྱེད་ཐབས་སྤྱད་དེ། ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱ་རྒྱལ་ཁབ་གཉིས་ཀྱིས་རྒྱུན་ཆད་མེད་པར་ཨུ་རུ་སིར་དམིགས་པའི་བཀག་སྡོམ་རྒྱ་བསྐྱེད་པར་རྒོལ་ལན་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་གཞུང་གིས་སྔར་ལས་མང་བའི་ཨུ་རུ་སིའི་སྤྱི་དམངས་བཀག་སྡོམ་མིང་ཐོའི་ནང་བཞག་ཡོད་པ་དང་། བཀག་སྡོམ་བྱ་ཡུལ་ལ་ཨུ་རུ་སིའི་དཔོན་རིགས་དང་དེའི་ཁྱིམ་མི། ཚོང་དོན་ལས་རིགས་ཀྱི་འཐུས་མི། ཚན་རིག་པ། རིག་གནས་ལས་རིགས་ཀྱི་མི་སྣ་སོགས་འདུས་ཡོད། དེའི་ལན་དུ་ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཧཱ་ལི་སི་དང་དེའི་ཁྱོ་ག  ཡོན་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་པོ་ཀྲ་ཁི་པའོ་ཀི་སོགས་ཨ་མེ་རི་ཁའི་མགོ་ཁྲིད་རིམ་པའི་མི་སྣ་དང་། ཚོང་བ། ཆེད་མཁས་པ། གསར་འགོད་པ། དེ་མིན་མཐོ་རིམ་དཔོན་རིགས་ཀྱི་བཟའ་ཟླ་བཅས་བཀག་སྡོམ་མིང་ཐོའི་ནང་བཞག་ཡོད་ལ། མི་སྣ་དེ་དག་དུས་གཏན་དུ་ཨུ་རུ་སིར་ཡོང་བར་གཏན་འགོག་བྱེད་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཨུ་རུ་སིར་རྒོལ་བའི་སྲིད་ཇུས་ལ་ཞིབ་འཇུག་དང་གཏན་འབེབས། དངོས་འབེབས་བཅས་བྱེད་པར་ཞུགས་པའི་ཁཱ་ནཱ་ཏཱའི་སྤྱི་དམངས་རེ་གཅིག་ལ་མི་སྒེར་གྱི་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། བཀག་སྡོམ་བྱ་ཡུལ་ལ་ཁཱ་ནཱ་ཏཱའི་ཙུང་ལིའི་གཞུང་སྒྲུབ་ཁང་གི་སྨྱན་བྱད་ཀྱི་འགན་ཁུར་བ་ཨེ་ཧཱ་མེད་ཏི་དང་། ཁཱ་ནཱ་ཏཱའི་དྲག་ཆས་དམག་དཔུང་གི་དམིགས་བསལ་འཐབ་འཛིང་དམག་དཔུང་གི་བཀོད་འདོམ་དཔོན་པོ་པའོ་དབྱེ་ཝུན། མཚོ་དམག་གི་དམག་སྤྱི་པེ་ཨིན་སི་སོགས་འདུས། མི་སྣ་དེ་དག་དུས་གཏན་དུ་ཨུ་རུ་སིར་ཡོང་བར་གཏན་འགོག་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།