ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་དཔུང་གིས་ཧཱ་མཱ་སིའི་དམག་དོན་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་དགུ་ཉིན་གྱི་ཞོགས་པར་འཐབ་འཛིང་གནམ་གྲུ་མངགས་ཏེ་ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དམག་དོན་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ནས། ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་ཅཱ་ཧྲ་ས་ཁུལ་ནས་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱས་པར་འཁོན་ལན་སློག་པ་རེད། མིག་སྔར་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད། 

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཅཱ་ཧྲ་ས་ཁུལ་གྱི་ཧན་ཡུག་ནེ་སི་ནུབ་ངོས་ཀྱི་ཧཱ་མཱ་སིའི་དམག་དོན་དམིགས་འབེན་ཞིག་ལ་འཕུར་མདའ་མང་བོ་གཏོང་འཕེན་བྱས་པ་དང་། ཉེ་འཁོར་གྱི་དམངས་བཀོལ་སྒྲིག་ཆས་ལ་གཏོར་བརླག་ཐེབས་ཡོད་ཟེར། ཧཱ་མཱ་སིའི་མགྲིན་ཚབ་པ་ཧཱ་ཆི་མུའུ་ཁཱ་ཞི་མུའུ་ཡིས་བར་སྣང་འཇབ་རྒོལ་བྱས་རྗེས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གིས་འགས་གཏོར་བཏང་བའི་གནས་དེ་སྟོང་བ་ཡིན་ཟེར། 

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། མེ་ཤུགས་འཕུར་མདའ་ཞིག་དགོང་མོ་དེར་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་གཏོང་འཕེན་བྱས་ནས་མཁའ་སྲུང་ཉེན་བརྡ་བཏང་བ་དང་། དབྱི་སི་རལ་གྱི་འགོག་སྲུང་མ་ལག་གིས་བཀག་པ་རེད། དབྱི་སི་རལ་གྱི་གསར་འགྱུར་ལས་རིགས་ཀྱིས་བཤད་རྒྱུར། དབྱི་སི་རལ་དང་ཅཱ་ཧྲ་ས་ཁུལ་གྱི་མཐའ་མཚམས་སྡོད་དམངས་ཀྱིས་འགས་གཏོར་གྱི་སྒྲ་གྲགས་པ་ཐོས་ཡོད་ལ། འཇབ་རྒོལ་དེ་ལས་དབྱི་སི་རལ་ཕྱོགས་ཀྱི་མི་སྣར་ཤི་རྨས་དང་སྒྲིག་ཆས་ལ་གཏོར་བརླག་ཐེབས་མེད། དེ་ནི་ཉེ་བའི་ཟླ་ངོ་བཞིའི་རིང་ལ། ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་དུ་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའ་ཐོག་མ་ཡིན་པ་དང་། མིག་སྔར་དྲག་ཆས་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་མེད། 

དབྱི་སི་རལ་དམག་ཕྱོགས་ཀྱི་གསལ་སྒྲོག་ལས་བསྟན་དོན། ཐེངས་འདིའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ལན་འཁོན་ལན་སློག་ཆེད། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་འཐབ་འཛིང་གནམ་གྲུ་བཀོལ་ནས། ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་གྱི་མཚོན་ཆའི་བཟོ་གྲྭ་ཞིག་ལ་བར་སྣང་འཇབ་རྒོལ་བྱས་པ་ཡིན་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།