ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་མེ་ནི་ཡཱའི་ཙུང་ལི་ཡིས་ཨུ་རུ་སིར་འཚམས་འདྲི་བྱས་ཏེ་ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཨེ་མེ་ནི་ཡཱ། ཨ་སེ་པེད་ཅང་བཅས་ཀྱི་ཕྱོགས་གསུམ་མཉམ་ལས་ལ་ཤུགས་སྣོན་པར་ཡིད་འཐད་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དགུ་ཉིན་འཚམས་འདྲིར་ཡོང་བའི་ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཧྲི་ནེ་དབྱང་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཨེ་མེ་ནི་ཡཱ། ཨ་སེ་པེད་ཅང་བཅས་ཀྱི་ཕྱོགས་གསུམ་མཉམ་ལས་ལ་ཤུགས་སྣོན་པར་ཡིད་འཐད་བྱུང་།

ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཆབ་སྲིད་དང་དཔལ་འབྱོར། དམག་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཐུན་མོང་གིས་སེམས་ཁུར་བྱེད་པའི་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ལ་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་གྲོས་མོལ་བྱེད་སྐབས་ཕཱ་ཧྲི་ནེ་དབྱང་གིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་སྐབས་སུ་ཨུ་རུ་སིར་དངོས་གཞིའི་འཚམས་འདྲི་བྱས་པར་དགའ་བསུ་ཞུས། ཕཱ་ཧྲི་ནེ་དབྱང་གིས་བསྟན་དོན། ཨུ་རུ་སི་ནི་ཨེ་མེ་ནི་ཡཱའི་འཐབ་ཇུས་མནའ་མཐུན་གྲོགས་པོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་དང་སྒེར་བཙུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པ། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་བཅས་ཀྱི་ཁྲོད་ཕན་ནུས་ལྡན་པའི་མཉམ་ལས་བྱས་ཡོད་ཟེར། 

གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཨུ་རུ་སི་དང་ཨེ་མེ་ནི་ཡཱ། ཨ་སེ་པེད་ཅང་བཅས་ཀྱི་ཕྱོགས་གསུམ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ། དེ་མིན་ས་ཁུལ་ཡོངས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བར་ཡར་སྐུལ་བྱེད་པར་ཡིད་འཐད་བྱུང་བ་དང་། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ། ཨུ་རུ་སི་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་དུས་བཅད་གྲོས་མོལ་སྒྲོམ་གཞིའི་ནང་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་ལྡན་པའི་བྱ་བ་སྤེལ་ནས། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབས་བྱེད་པ་དང་། མྱུར་མོར་མི་ཆོས་རིང་ལུགས་ཀྱི་གནད་དོན་གལ་ཆེན་ཐག་གཅོད་བྱས་ཏེ། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པར་ཡིད་འཐད་ཡིན་པའི་ཚུལ་བསྟན། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་རྒྱལ་ཁབ་རེ་འགས་ཕྱོགས་གཅིག་ནས་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། རྒྱལ་ཁབ་གཉིས་ཀྱིས་འབྲུ་རིགས་དང་ནུས་ཁུངས་བདེ་འཇགས། དངོས་རྒྱུན་སོགས་ཁྱབ་ཁོངས་ནས་འཕྲད་པའི་འགྲན་རྩོད་མཉམ་དུ་ཐག་གཅོད་བྱེད་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་རང་གི་མངའ་ཁོངས་དེ་རྒྱལ་ཁབ་གཞན་པར་སྐྱེ་དངོས་བདེ་འཇགས་ཁྱབ་ཁོངས་སུ་ཕན་ཚུན་གྱི་ཁེ་ཕན་ལ་དམིགས་པའི་བྱ་འགུལ་སྤེལ་སར་འདོན་སྤྲོད་མི་བྱེད་པར་ཡིད་འཐད་བྱུང་། ཕྱོགས་གཉིས་ཀྱིས་ད་རུང་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ས་ཁུལ་གཏན་འཇགས་ལ་འགན་སྲུང་བྱེད་པའི་ཐད་ཀྱི་གནད་འགག་ནུས་པ་ངོས་ཟིན་ཡོད་ཟེར། ཕཱ་ཧྲི་ནེ་དབྱང་གིས་གདན་དྲངས་པ་ལྟར། ཕུའུ་ཅིན་གྱིས་ད་ལོའི་ལོ་སྨད་ཀྱི་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་སུ་ཨེ་མེ་ནི་ཡཱ་རུ་འཚམས་འདྲི་བྱེད་རྒྱུ་རེད། 

ཨུ་རུ་སི་དང་ཨེ་མེ་ནི་ཡཱ་ཕྱོགས་གཉིས་ཀྱིས་གསལ་སྒྲོག་ནང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ལ་འཆར་འགོད་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།