ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་དང་ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱེ་ཧིའི་བར་གནམ་གྲུ་ཐད་གཏོང་བྱེད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་མཁའ་འགྲུལ་ཀུང་ཟི་ཡིས་ཚེས་བཅུ་བདུན་ཉིན་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་གྲོང་ཁྱེར་ནས་ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱེ་ཧི་གྲོང་ཁྱེར་བར་གྱི་ཐད་གཏོང་གནམ་གྲུ་གཏོང་མགོ་བརྩམས། དེ་ནི་ན་ནིང་ཟླ་བཅུ་བར་ཨེ་ཅིབ་མཁའ་འགྲུལ་ཀུང་ཟི་ཡིས་ཁེ་རོ་ནས་ཐི་ལཱ་ཝེ་ཧྥུའུ་བར་གྱི་གནམ་གྲུ་གཏོང་མགོ་བརྩམས་པའི་རྗེས་སུ། ཨེ་ཅིབ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱིས་གཏོང་མགོ་བརྩམས་པའི་ཐད་གཏོང་གནམ་གྲུའི་འཕུར་ལམ་གཉིས་པ་རེད། 

དབྱི་སི་རལ་མཁའ་འགྲུལ་ཀུང་ཟི་ཡིས་བསྟན་དོན། གསར་འབྱེད་བྱས་པའི་འཕུར་ལམ་དེ་རང་གི་ཡན་ལག་ཀུང་ཟི་གསེར་མདོག་ཉི་མའི་མཁའ་འགྲུལ་ཀུང་ཟིས་ཚོང་གཉེར་བྱེད་པ་དང་། གཟའ་འཁོར་རེའི་ནང་ཕན་ཚུན་བར་གྱི་གནམ་གྲུ་ཐེངས་གསུམ་གཏོང་རྒྱུ་ཡིན་ལ། གནམ་གྲུ་གཏོང་ཐེངས་ཐོག་མར་འགྲུལ་བ་བརྒྱ་དང་གྱ་དགུ་དྲུད་ཡོད་ཅིང་། ཉིན་དེའི་ཞོགས་པར་ཐི་ལཱ་ཝེ་ཧྥུའུ་ཡི་པིན་ཀུའུ་ལི་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་ཏེ། སྐར་ང་གསུམ་གྱི་རྗེས་སུ་ཧྲ་མུའུ་ཧྲ་དབྱེ་ཧིའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བབས་པ་རེད་ཟེར། 

ཧྲ་མུའུ་ཧྲ་དབྱེ་ཧི་ནི་ཞི་ནེ་ཕྱེད་གླིང་དུ་གནས་ཤིང་། ཨེ་ཅིབ་ཀྱི་མཚོ་དམར་མཚོ་འགྲམ་གྱི་གནས་སྐོར་ཡུལ་མཆོག་ཅིག་ཡིན་པ་རེད། གནམ་གྲུ་གསར་དུ་བཏང་བའི་དུས་དེ་ཏག་ཏག་ཡིའུ་ཐེ་བས་སྲོལ་རྒྱུན་དུས་ཆེན་ཞིག་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་ལ་འཁེལ་ཡོད་པ་དང་། དབྱི་སི་རལ་རྒྱལ་ཡོངས་ཀྱིས་གཟའ་འཁོར་གཅིག་ཡས་མས་ལ་གནང་བ་བྱིན་ཡོད་པས། མི་མི་ཉུང་བ་ཞིག་གནས་སྐོར་སྤྲོ་གསེང་དུ་འགྲོ་རྒྱུའི་འཆར་གཞི་ཡོད་པ་རེད། དབྱི་སི་རལ་མཁའ་འགྲུལ་ཀུང་ཟིའི་འགན་ཁུར་བ་ཞིག་གིས་བཤད་རྒྱུར། ཐི་ལཱ་ཝེ་ཧྥུའུ་དང་ཧྲ་མུའུ་ཧྲ་དབྱེ་ཧིའི་བར་གྱི་གནམ་གྲུ་གཏོང་ཐེངས་ཐོག་མའི་སྤ་སེ་དེ་དུས་ཚོད་གཅིག་ནང་ཉོས་ཚར་བ་རེད་ཟེར། 

ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། ཐི་ལཱ་ཝེ་ཧྥུའུ་དང་ཧྲ་མུའུ་ཧྲ་དབྱེ་ཧིའི་བར་གནམ་གྲུ་ཐད་གཏོང་བྱེད་རྒྱུའི་གནས་ཚུལ་ཁྱབ་བསྒྲགས་བྱས། དབྱི་སི་རལ་གྱི་ཙུང་ལི་པེ་ནེ་ཐི་ཡིས་གསལ་སྒྲོག་ནང་བསྟན་དོན། དེ་ནི་དབྱི་སི་རལ་དང་ཨེ་ཅིབ་ཀྱི་འབྲེལ་བ་ཇེ་བཟང་དུ་སོང་བའི་མཚོན་རྟགས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ས་ཁུལ་གྱི་གཏན་འཇགས་ལ་སྐུལ་འདེད་གཏོང་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།