ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉེར་གཉིས་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་མཐུན་སྦྱོར་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་གསེར་གྱོམ་རྒྱལ་ཁབ་ལས་དོན་གྱི་མཐུན་སྦྱོར་པ། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཁྲའོ་ཞུའུ་ཡིས་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་མགོ་འཛིན་བྱས་ཏེ་ཉིས་སྟོང་ཉེར་གཉིས་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་མཐུན་སྦྱོར་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཨུ་རུ་སི་དང་རྒྱ་གར། པཱ་ཞི། ཨ་ཧྥེ་རི་ཁ་ལྷོ་མ་བཅས་གསེར་གྱོམ་རྒྱལ་ཁབ་ལས་དོན་གྱི་མཐུན་སྦྱོར་པ་དང་ཀྲུང་གོའི་འབྲེལ་ཡོད་སྡེ་ཁག་གི་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས། 

གསེར་གྱོམ་རྒྱལ་ཁབ་དག་གིས་མིག་སྔའི་ཝུའུ་ཁི་ལན་གྱི་གནས་བབ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་རང་རང་གི་ལངས་ཕྱོགས་བསྐྱར་བསྒྲགས་བྱས་ཡོད། གསེར་གྱོམ་རྒྱལ་ཁབ་དག་གིས་བསྟན་དོན། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་རྩ་དོན་བརྩི་སྲུང་བྱས་ནས་རྒྱལ་ཁབ་སོ་སོའི་ལུགས་མཐུན་བདེ་འཇགས་ཐད་ཀྱི་སེམས་ཁུར་ལ་བརྩི་འཇོག་བྱེད་དགོས། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་མུ་མཐུད་དུ་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱས་ཤིང་། ཝུའུ་ཁི་ལན་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པར་འཚོལ་ཞིབ་བྱེད་དགོས། ཝུའུ་ཁི་ལན་གྱི་མངའ་ཁོངས་དང་དེའི་ཉེ་འཁོར་གྱི་མི་ཆོས་རིང་ལུགས་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་ལ། ཝུའུ་ཁི་ལན་གྱི་མི་ཆོས་རོགས་སྐྱོར་བྱ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད། དེའི་ནང་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་བྱས་རྗེས་ཀྱང་འདུས་ཡོད་ཟེར། 

གསེར་གྱོམ་རྒྱལ་ཁབ་དག་གིས་ཕྱོགས་གཅིག་གི་བཀག་སྡོམ་ལས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་དང་ཐོན་ལས་མུ་འབྲེལ་ཅན་གྱི་གཏན་འཇགས། ནུས་ཁུངས་དང་འབྲུ་རིགས་བདེ་འཇགས་བཅས་ལས་བཟོས་པའི་ཤུགས་རྐྱེན་ཚབས་ཆེན། དེ་མིན་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་ཤུགས་རྐྱེན་ཚབས་ཆེན་བཅས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་སེམས་ཁུར་ལ་དོ་སྣང་དང་རྒྱལ་ཁབ་སོ་སོའི་དཔལ་འབྱོར་དམངས་འཚོའི་ཐད་ཤུགས་རྐྱེན་མི་ཐེབས་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྒྱལ་ཁབ་སོ་སོའི་འཐུས་མིས་ཀྲུང་གོ་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་མགོ་ཁྲིད་ནུས་པ་འདོན་སྤེལ་བྱས་པར་གཟེངས་བསྟོད་བྱས་པ་དང་། ད་ལོར་གསེར་གྱོམ་རྒྱལ་ཁབ་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། མུ་མཐུད་དུ་ཀྲུང་གོའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་བྱ་བར་རྒྱབ་སྐྱོར་བྱས་ཏེ། མཉམ་དུ་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུང་གོའི་ལོ་ཞེས་པའི་བྱ་འགུལ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན། ཕྱོགས་སོ་སོས་ནན་གྱིས་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་སུ་རིམས་ནད་རྒྱ་ཡན་དུ་མཆེད་བཞིན་ཡོད་པ་དང་། དཔལ་འབྱོར་སླར་གསོའི་སྟོབས་ཞན་པ། ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་འགྲན་རྩོད་མང་བོ་བྱུང་ཡོད་པས། གསེར་གྱོམ་རྒྱལ་ཁབ་དག་གིས་སྔར་ལས་ལྷག་པའི་སྒོ་ནས་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་གཏོང་བ། ཉིས་སྟོང་སུམ་ཅུ་ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་དངོས་འབེབས་བྱེད་པ། རིམས་ནད་འགོག་བཅོས་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།