ཀྲུང་གོ་བོད་ཀྱི་དྲ་བ།

ཁོ་ཐི་ཏིས་ཝར་གྱི་ཙུང་ལི་ཨ་ཞི་ཡིས་ལས་ཁུར་དགོངས་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོ་ཐི་ཏིས་ཝར་གྱི་ཙུང་ལི་ཨ་ཞི་ཡིས་ཚེས་བཅུ་གསུམ་ཉིན་ཨ་པུས་རང་ནས་ལས་ཁུར་དགོངས་ཞུ་བྱས་ཏེ་སྲིད་གཞུང་གཏོར་རྒྱུ་ཁྱབ་བསྒྲགས་བྱས། 

ཨ་ཞི་ཡིས་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་བསྡུས་པའི་སྲིད་གཞུང་གི་གྲོས་ཚོགས་ཤིག་གི་སྟེང་ཙུང་ཐུང་ཝ་ཐཱ་ལཱ་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་དེ། ཙུང་ཐུང་གིས་སྲིད་གཞུང་བཅོས་སྒྲིག་བྱེད་པའི་ཆོད་སེམས་དང་ཆོད་དོན་དེར་རྒྱབ་སྐྱོར་བྱེད་པའི་ཆེད་དུ། ཁོས་ལས་ཁུར་དགོངས་ཞུ་བྱས་ཏེ་ད་ལྟའི་སྲིད་གཞུང་གཏོར་རྒྱུ་ཁྱབ་བསྒྲགས་བྱས་པ་ཡིན་ཟེར། 

ཝ་ཐཱ་ལཱ་ཡིས་དེའི་རྗེས་སུ་ལས་ཁུར་དགོངས་ཞུའི་སྙན་ཞུ་དང་ལེན་བྱས་པ་དང་། ཨ་ཞི་ཡིས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཁོ་ཐི་ཏིས་ཝར་རྙོག་འཛིང་ཆེ་བའི་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ལ་འཕྲད་ཡོད་ལ། སྲིད་གཞུང་གིས་འགྲོ་སོང་ཇེ་ཉུང་དུ་གཏོང་དགོས་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། སྲིད་གཞུང་གསར་བའི་པུའུ་ཀྲང་གི་ཁ་གྲངས་ཀྱང་ལྡབ་འགྱུར་གྱིས་ཇེ་ཉུང་དུ་གཏོང་ཡང་སྲིད། 

ཝ་ཐཱ་ལཱ་ཡིས་བསྟན་དོན། གཟའ་འཁོར་རྗེས་མར་ཙུང་ལི་གསར་བ་བསྐོ་འཇོག་བྱེད་རྒྱུ་ཡིན་པ་དང་། ཙུང་ལི་གསར་བ་ཡིས་བཅོས་སྒྲིག་བྱས་རྗེས་ཀྱི་པུའུ་ཀྲང་མིང་ཐོ་སྤྲོད་རྒྱུ་ཡིན་ཟེར། 

ཨ་ཞི་ནི་ཉིས་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པའི་ཚེས་བརྒྱད་ཉིན་ཝ་ཐཱ་ལཱ་ཡིས་གནས་སྐབས་ཙུང་ལི་རུ་བསྐོ་འཇོག་བྱས་པ་དང་། ཟླ་དེའི་ཚེས་ཉེར་དྲུག་ཉིན་དངོས་སུ་ཙུང་ལིའི་འགན་ཁུར་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།