ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཨུ་རུ་སི་དཀར་པོས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་ཤུགས་སྣོན་བྱས་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཀག་སྡོམ་ལ་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གཉིས་ཉིན་ཨུ་རུ་སིའི་ཡོན་ཏུང་ས་ཁུལ་གྱི་ཤར་ཕྱོགས་མཁའ་འགྲུལ་གཏོང་འཕེན་ར་བ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་དང་ཨུ་རུ་སི་དཀར་པོས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་ཤུགས་སྣོན་བྱས་ཏེ། ནུབ་ཕྱོགས་རྒྱལ་ཁབ་དག་གི་བཀག་སྡོམ་ལ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར། 

ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་དང་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་གཉིས་ཀྱིས་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར།  ནུབ་ཕྱོགས་རྒྱལ་ཁབ་དག་གི་བཀག་སྡོམ་གནོན་ཤུགས་འོག རྒྱལ་ཁབ་གཉིས་ཀྱིས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་ཤུགས་སྣོན་བྱེད་དགོས། ཨུ་རུ་སི་དང་ཨུ་རུ་སི་དཀར་པོས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་བཀག་རྒྱ་བཟོ་བ་དང་ཡང་ན་བསམ་བཞིན་དུ་རྒྱལ་ཁབ་གཉིས་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཁ་ཁར་བྱེད་པའི་གཡོ་ཇུས་གང་རུང་ལ་རྒོལ་ལན་སྤྲོད་ངེས་ཡིན་ཟེར། 

ཝུའུ་ཁི་ལན་གྱི་གནས་བབ་གླེང་སྐབས་ཕུའུ་ཅིན་གྱིས་བལྟས་ན། ཨུ་རུ་སི་དཀར་པོ་ནི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་སྔར་ལས་གྲོས་མོལ་གང་ལེགས་བྱེད་པར་འཚམ་པའི་སྟེགས་བུ་ཞིག་ཡིན་པར་འདོད། ཁོས་བཤད་རྒྱུར། ཝུའུ་ཁི་ལན་ནས་བྱུང་བའི་ཡོད་ཚད་སྐྱོ་གར་ཅིག་ཡིན་ལ། ཨུ་རུ་སིར་མཚོན་ན་གཞན་པའི་གདམ་གསེས་མེད། ཨུ་རུ་སིའི་མི་དང་ཨུ་རུ་སི་དཀར་པོའི་མི། ཝུའུ་ཁི་ལན་གྱི་མི་བཅས་ནི་གནས་གསུམ་གཞི་གཅིག་ཅན་གྱི་མི་རིགས་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། ཨུ་རུ་སིའི་ཝུའུ་ཁི་ལན་གྱི་དམིགས་བསལ་དམག་དོན་འགུལ་སྐྱོད་དེ་འཆར་གཞི་ལྟར་སྤེལ་བཞིན་ཡོད་པ་དང་། ཆེས་ཐོག་མར་གཏན་འཁེལ་བྱས་པའི་དམིགས་འབེན་ཚང་མ་མངོན་འགྱུར་བྱེད་པའི་ཞོར་དུ་གྱོང་གུད་ཆེས་དམའ་བའི་ཚོད་འཛིན་བྱེད་དགོས་ཟེར། 

ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སིར་བཀག་སྡོམ་བྱེད་ཐབས་སྤྱད་པའི་སྐོར་ནས་ཕུའུ་ཅིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་དངོས་ཡོད་པའི་བསམ་བློའི་རྣམ་པ་སྲུང་འཛིན་བྱེད་དགོས་ཟེར། ཁོས་བཤད་རྒྱུར། མི་སུ་ཡིན་ཡང་ཨུ་རུ་སིའི་བར་གྱི་འབྲེལ་འདྲིས་ཡོད་ཚད་མཚམས་འཇོག་པ་མི་སྲིད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། པུའུ་ཆཱ་དོན་རྐྱེན་ནི་གསར་འགྱུར་རྫུན་མ་ཞིག་ཡིན་ཞིང་། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་ཐུར་ཁེའི་དབྱི་སི་ཐན་པོར་གྱི་གྲོས་མོལ་མཇུག་འབྲས་དང་རྒྱབ་འགལ་བྱས་པས་གནས་བབ་དེ་ཛ་དྲག་གི་གནས་སུ་ལྷུང་བར་བྱས་པ་རེད་ཟེར། 

ལུའུ་ཁཱ་ཧྲིན་ཁི་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཝུའུ་ཁི་ལན་དང་ཕོ་ལན། པའོ་ལི་ཏི་མཚོ་ཁོངས་ཀྱི་རྒྱལ་ཁབ་གསུམ་བཅས་ཀྱིས་ཨུ་རུ་སི་དཀར་པོར་ངོ་རྒོལ་བྱེད་པར་ངན་སྐུལ་བྱས་པ་དང་། ཨུ་རུ་སིའི་ཝུའུ་ཁི་ལན་གྱི་དམིགས་བསལ་དམག་དོན་འགུལ་སྐྱོད་ཁྲོད། ཨུ་རུ་སི་དཀར་པོས་བསྒྲུབས་དགོས་པ་ནི་མི་གང་ཡིན་གྱིས་ཨུ་རུ་སི་ལ་ལྐོག་ནས་གནོད་སྐྱེལ་དུ་འཇུག་མི་རུང་བ་དེ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།