ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པས་ཝུའུ་ཁི་ལན་དུ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་གཉིས་ཀྱིས་ཚེས་བརྒྱད་ཉིན་ཝུའུ་ཁི་ལན་དུ་འཚམས་འདྲི་བྱས་པ་དང་། ཝུའུ་ཁི་ལན་ཕྱོགས་ལ་ཡོ་རོབ་གླིང་མནའ་འབྲེལ་གྱི་འདེམ་སྒུག་རྒྱལ་ཁབ་ཀྱི་གོ་གནས་དང་འབྲེལ་བའི་རྟོག་ཞིབ་འདྲི་གཞི་ཞིག་སྤྲད་པ་རེད། 

ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཉིན་དེར་རྒྱལ་ས་ཅི་ཧྥུའུ་ནས་ཧྥུན་ཏི་ལའེ་ཨིན་དང་པའོ་ལོས་ལེ་གཉིས་དང་གྲོས་མོལ་བྱས། ཙེ་ལེན་སི་ཅི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིའཐུས་ཚབ་ཚོགས་པའི་ཐེངས་འདིའི་འཚམས་འདྲི་ལས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་ཡིད་ཆེས་མངོན་པར་མཚོན་ཡོད་ལ། ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ་ནི་ཝུའུ་ཁི་ལན་གྱི་དམིགས་འབེན་ཡིན་ཟེར། 

ཧྥུན་ཏི་ལའེ་ཨིན་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཙེ་ལེན་སི་ཅི་ལ་ཡོ་རོབ་གླིང་མནའ་འབྲེལ་གྱི་འདེམ་སྒུག་རྒྱལ་ཁབ་ཀྱི་གོ་གནས་དང་འབྲེལ་བའི་རྟོག་ཞིབ་འདྲི་གཞི་ཞིག་སྤྲད། ཁོ་མོས་བཤད་རྒྱུར། འདྲི་གཞིར་ལན་འདེབས་པ་ནི་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་དུས་རིམ་གལ་ཆེན་ཞིག་ཡིན་པ་དང་། མ་འོངས་པའི་གཟའ་འཁོར་འགའི་ནང་ཕྱོགས་གཉིས་ཀྱིས་གྲོས་བསྡུར་སྤེལ་བའི་རྨང་གཞི་ཡང་ཡིན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ཕྱོགས་ཀྱིས་འདྲི་གཞིར་ལན་འདེབས་པར་ལག་རྩལ་གྱི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་གཟའ་འཁོར་གཅིག་གི་ནང་འདྲི་གཞིའི་གནད་དོན་ཚང་མར་ལན་འདེབས་དགོས་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་ཨུ་རུ་སིར་སྤྱད་པའི་སྐོར་ཐེངས་ལྔ་པའི་བཀག་སྡོམ་བྱེད་ཐབས་གླེང་སྐབས། ཧྥུན་ཏི་ལའེ་ཨིན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་སྐོར་ཐེངས་ལྔ་པའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་དེ་སྔ་ན་མེད་པ་ཞིག་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་སྐོར་ཐེངས་གསར་པའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྩིས་ཡོད་ཟེར། 

པའོ་ལོས་ལེ་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་དེའི་སྔོན་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་འབུམ་གཅིག་གི་དམག་དོན་རོགས་སྐྱོར་བྱེད་པར་ཡིད་འཐད་བྱུང་ཡོད་པ་དང་། དེའི་རྨང་གཞིའི་སྟེང་ཡོ་སྒོར་དུང་ཕྱུར་ལྔའི་དམག་དོན་རོགས་སྐྱོར་ཁ་སྣོན་བྱེད་རྒྱུ་ཡིན་ཟེར། 

ཧྥུན་ཏི་ལའེ་ཨིན་དང་པའོ་ལོས་ལེ་གཉིས་ཉིན་དེར་མེ་འཁོར་ལ་བསྡད་དེ་ཅི་ཧྥུའུ་རུ་འབྱོར་བ་དང་། དེ་ནི་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ནས་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་ལ་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་འཐུས་ཚབ་ཚོགས་པས་ཐོག་དང་པོར་ཝུའུ་ཁི་ལན་དུ་འཚམས་འདྲི་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།