ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཀྱིས་ཐབས་ལམ་མང་བོ་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་བྱ་འགུལ་ལ་བཀག་རྒྱ་བཟོ་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཏུང་པུའུ་ལོ་ཧྥུའུ་སི་ཅི་སི་ཡིས་ཚེས་ལྔ་ཉིན་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་འཛམ་གླིང་ཡོངས་ཀྱི་ཚོང་རར་གནོད་པ་ཆེན་པོ་ཐེབས་ཡོད་ལ། ཐབས་ལམ་མང་བོ་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་བྱ་འགུལ་ལ་བཀག་རྒྱ་བཟོ་བཞིན་ཡོད་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་དཔལ་འབྱོར་དང་ནོར་སྲིད་བློན་ཆེན་གྲོས་ཚོགས་ཚེས་ལྔ་ཉིན་ལི་ཙམ་པོག་ནས་སྤེལ་བ་དང་། གཙོ་བོ་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་གནས་ཚུལ་དང་ཇི་ལྟར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་དཔལ་འབྱོར་ཐད་བཟོས་པའི་ཤུགས་རྐྱེན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས། 

ཏུང་པུའུ་ལོ་ཧྥུའུ་སི་ཅི་སི་ཡིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་འཛམ་གླིང་ཡོངས་ཀྱི་ཚོང་རར་གནོད་པ་ཆེན་པོ་བཟོས་ཡོད། རྒྱུན་མཁོའི་ཚོང་རྫས་ཀྱི་རིན་གོང་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་ལོ་རྒྱུས་ཀྱི་ཆེས་མཐོའི་ཚད་དུ་བསླེབས་ཡོད། དེའི་ཁར་གཏན་འཇགས་མིན་པའི་སྣང་ཚུལ་ཡོད། གནས་བབ་ཀྱི་འཕེལ་རྒྱས་དེ་ལས་ཐབས་ལམ་མང་བོ་ནས་ཡོ་རོབ་གླིང་གི་དཔལ་འབྱོར་བྱ་འགུལ་ལ་བཀག་རྒྱ་བཟོ་བཞིན་ཡོད་ཅིང་། ཚོང་ར་དང་འཛད་སྤྱོད་པའི་ཡིད་ཆེས་ལ་ཆམ་ཕབ་བཏང་ཡོད། དེ་ལས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་ཧྲིལ་བོའི་འཚོ་བའི་མ་རྩའི་ཐད་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཁྱིམ་ཚང་དང་ཁེ་ལས་དག་གི་རྩིས་ཐོ་དང་ཁྱད་པར་དུ་ནུས་ཁུངས་ཐད་ཀྱི་རྩིས་ཐོ་ཇེ་མཐོར་འགྲོ་བཞིན་ཡོད། འཛམ་གླིང་ཡོངས་ཀྱི་མཁོ་འདོན་འབྲེལ་རྒྱུན་དེ་ཡང་མཚམས་ཆད་པའི་ཉེན་ཁ་ཡོད་ཟེར། 

ཏུང་པུའུ་ལོ་ཧྥུའུ་སི་ཅི་སི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་བའི་ནོར་སྲིད་གནས་ཚུལ་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་ཅིང་། དཔལ་འབྱོར་འཕར་སྣོན་ཇེ་དལ་དུ་སོང་བ་ལས་སྔོན་རྩིས་ཀྱི་མ་མཐའི་ཚད་ཐིག་ཇེ་མཐོར་སོང་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་འབྲེལ་ཡོད་ཡོ་བྱད་བཀོལ་ནས་ཤུགས་རྐྱེན་ངན་པ་དེ་ཞི་འཇགས་སུ་གཏོང་བར་རོགས་རམ་བྱེད་བཞིན་ཡོད། དཔེར་ན་འབྲུ་རིགས་དང་ནུས་ཁུངས། རྫས་འགྱུར་ལུད་རྫས་བཅས་ཀྱི་རིན་གོང་ཇེ་མཐོར་སོང་བར་དམིགས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཞིང་བ་དང་འཛད་སྤྱོད་པར་རྒྱབ་སྐྱོར་བྱེད་པའི་འཐབ་ཇུས་ཤིག་བཏོན་ཡོད་པར་མ་ཟད། ཡོང་འབབ་དམའ་བའི་འབྲུ་རིགས་ནང་འདྲེན་རྒྱལ་ཁབ་དང་འཁྲུག་རྩོད་ཀྱི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་གཞན་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧྥ་རན་སིའི་དཔལ་འབྱོར་དང་ནོར་སྲིད་བློན་ཆེན་ལེ་མཱེ་ཨར་གྱིས་བསྟན་དོན། ནུས་ཁུངས་རིན་གོང་ཇེ་མཐོར་སོང་བའི་ཤུགས་རྐྱེན་དབང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་དངུལ་ལོར་ཚད་བརྒལ་འགྲེམས་པའི་འགྲན་རྩོད་ལ་འཕྲད་ཡོད། དུས་ཡུན་ཐུང་ངུའི་ནང་ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་སྲིད་ཇུས་ལེགས་སྒྲིག་བྱས་ཏེ་ཁེ་ལས་དང་ཁྱིམ་ཚང་གི་ནུས་ཁུངས་རིན་གོང་གི་གནོན་ཤུགས་ཞི་འཇགས་སུ་གཏོང་རོགས་བྱེད་རྒྱུ་ཡིན་པ་དང་། དུས་ཡུན་རིང་བོར་ཡོ་རོབ་གླིང་མནའ་འབྲེལ་གྱིས་དཔལ་འབྱོར་རང་བདག་ལ་ཤུགས་སྣོན་བྱས་ནས་ལྷད་མེད་འཕེལ་སྟབས་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།