ཀྲུང་གོ་བོད་ཀྱི་དྲ་བ།

བྷང་ག་ལཱའི་མཚོ་ཁུགས་བསྐོར་བའི་ཁྱབ་ཁོངས་མང་བོའི་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་གྲོས་འདོན་ཞེས་པའི་མཐོ་རིམ་གྲོས་ཚོགས་སྐབས་ལྔ་བ་ནས་མཉམ་ལས་ལ་ཤུགས་སྣོན་པ་གཙོར་བཟུང་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བྷང་ག་ལཱའི་མཚོ་ཁུགས་བསྐོར་བའི་ཁྱབ་ཁོངས་མང་བོའི་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་གྲོས་འདོན་ཞེས་པའི་མཐོ་རིམ་གྲོས་ཚོགས་སྐབས་ལྔ་བ་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་སིང་ག་ལཱའི་རྒྱལ་ས་ཁི་ལོན་ཕའོ་ནས་དྲ་ལམ་བརྒྱུད་དེ་སྤེལ་བ་དང་། ཁོངས་གཏོགས་རྒྱལ་ཁབ་བདུན་གྱི་སྲིད་གཞུང་གི་མགོ་ཁྲིད་པ་དང་འཐུས་མི་ཚོགས་འདུར་ཞུགས། 

སིང་ག་ལཱའི་ཙུང་ཐུང་ཀི་ཐཱ་པཱ་ཡཱ་ལཱ་ཅཱ་ཕཱ་ཁི་སཱ་ཡིས་ཉིན་དེར་མཐོ་རིམ་གྲོས་ཚོགས་སྟེང་ཁོངས་གཏོགས་རྒྱལ་ཁབ་སོ་སོས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། དཔལ་འབྱོར་སླར་གསོ་དང་སྔར་ལས་ལྷག་པའི་དར་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་བའི་འཕྲོད་བསྟེན་ཞབས་ཞུར་ཤུགས་སྣོན་བྱས་ནས་ས་ཁོངས་ཀྱི་བསྟུན་ཤུགས་ཇེ་དྲག་ཏུ་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། མཐོ་རིམ་གྲོས་ཚོགས་ནས་བཀོད་པའི་བྷང་ག་ལཱའི་མཚོ་ཁུགས་བསྐོར་བའི་ཁྱབ་ཁོངས་མང་བོའི་དཔལ་འབྱོར་ལག་རྩལ་མཉམ་ལས་གྲོས་འདོན་གྱི་སྒྲིག་ཡིག་ལས་རྩ་འཛུགས་དེའི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་ཡོད་ཟེར། ཁོས་ད་རུང་ས་ཁོངས་ནང་གི་ཉོ་ཚོང་དང་དངུལ་གཏོང་གི་གལ་ཆེན་རང་བཞིན་ནན་བཤད་བྱས། 

སིང་ག་ལཱའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཁོངས་གཏོགས་རྒྱལ་ཁབ་དག་གིས་བལྟས་ན་ཉོ་ཚོང་དང་དངུལ་གཏོང་གྲོས་རིམ་ཇེ་མགྱོགས་སུ་གཏོང་དགོས་པར་འདོད་པ་དང་། མཚོ་དོན་དང་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་མཉམ་ལས་བསྐྱར་སྒྲོག་བྱས། མཐོ་རིམ་གྲོས་ཚོགས་སྟེང་ད་རུང་བཅའ་ཁྲིམས་དང་ལག་རྩལ། གསོ་སྦྱོང་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཀོད་ཡོད་ཟེར། 

བྷང་ག་ལཱའི་མཚོ་ཁུགས་བསྐོར་བའི་ཁྱབ་ཁོངས་མང་བོའི་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་གྲོས་འདོན་ཞེས་པ་དེ་གཅིག་སྟོང་དགུ་བརྒྱ་གོ་བདུན་ལོར་བཙུགས་པ་དང་། ཨེ་ཤ་ཡཱ་ཤར་ལྷོ་དང་ཨེ་ཤ་ཡཱ་ཤར་ལྷོའི་ས་ཁོངས་སྡེ་ཚོགས་ཤིག་ཡིན། ཁོངས་གཏོགས་རྒྱལ་ཁབ་ལ་སིང་ག་ལཱ་དང་བྷང་ག་ལཱ། འབྲུག་རྒྱལ་ཁབ། རྒྱ་གར། ནེ་པཱ་ལཱ། ཐེ་གོ། འབར་མ་བཅས་འདུས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།