ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་འཇར་མན་གྱི་མགོ་ཁྲིད་པས་ཡང་བསྐྱར་བར་འདུམ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་གྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་གཉིས་ཀྱིས་ཚེས་བཅུ་གཉིས་ཉིན་སོ་སོར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ལ་ཁ་པར་བཏང་སྟེ། ཡང་བསྐྱར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལ་བར་འདུམ་བྱེད་རྒྱུའི་ཚུལ་བསྟན། 

ཕུའུ་ཅིན་གྱིས་ཚེས་བཅུ་གཉིས་ཉིན་ཁ་པར་གྲོས་མོལ་བྱེད་སྐབས་མཱ་ཁི་ལུང་དང་ཧྲའོ་ཨར་ཚི་ལ་ཉེ་སྔོན་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཐུས་མིས་བརྙན་རིས་གྲོས་མོལ་རབ་དང་རིམ་པ་སྤེལ་བའི་གནས་ཚུལ་དང་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་སའི་ས་ཁོངས་ཀྱི་དོན་དངོས་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་ཤིང་། སྡོད་ཁུལ་དང་སྨན་ཁང་། སློབ་གྲྭ། བྱིས་སྐྱོང་ཁང་བཅས་ཀྱི་ཉེ་འདབས་སུ་མཚོན་ཆ་ཆེ་གྲས་བཀོད་སྒྲིག་བྱས་པ་སོགས་ཝུའུ་ཁི་ལན་ཕྱོགས་ཀྱིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་འགལ་བའི་བྱ་སྤྱོད་སྤེལ་བའི་གནས་ཚུལ་དཔེ་མཚོན་དུ་དྲངས། ཨུ་རུ་སི་དང་ཧྥ་རན་སི། འཇར་མན་བཅས་ཕྱོགས་གསུམ་གྱིས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་འབྲེལ་འདྲིས་བྱེད་རྒྱུར་ཡིད་འཐད་བྱུང་། 

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་གིས་ཚེས་བཅུ་གཉིས་ཉིན་ཧྥ་རན་སིའི་གསར་འགྱུར་ལས་རིགས་ལ་བསྟན་དོན། མཱ་ཁི་ལུང་དང་ཧྲའོ་ཨར་ཚི་གཉིས་ཀྱིས་ཉིན་དེར་ཕུའུ་ཅིན་དང་མཉམ་དུ་ལྷག་བསམ་རྣམ་དག་གིས་ཁ་པར་གྲོས་མོལ་བྱས། ཧྥ་རན་སི་དང་འཇར་མན་གྱིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་མཱ་ལི་ཝུའུ་པའོ་ཨར་གྱི་དཔུང་འཇུག་མཚམས་འཇོག་དགོས་པའི་རེ་བ་བཏོན། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ད་རུང་བཤད་རྒྱུར། ཕུའུ་ཅིན་གྱིས་འཁྲུག་རྩོད་མཚམས་འཇོག་པའི་རེ་འདུན་ཡོད་པའི་རྣམ་འགྱུར་མ་བསྟན་པས། ཧྥ་རན་སི་ཡིས་ཨུ་རུ་སིར་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་རྒྱུ་ཐག་བཅད་ཡོད་ཟེར། 

འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཧྲའོ་ཨར་ཚི་དང་མཱ་ཁི་ལུང་གིས་ཉིན་དེར་ཕུའུ་ཅིན་དང་ཁ་པར་གྲོས་མོལ་བྱེད་སྐབས་ཨུ་རུ་སིའི་ཕྱོགས་ཀྱིས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་དང་། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པའི་སྐུལ་མ་བཏང་། གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཧྲའོ་ཨར་ཚི་ཡིས་ཉིན་དེར་ད་རུང་ཙེ་ལེན་སི་ཅི་དང་ཁ་པར་གྲོས་མོལ་བྱས་ཏེ། མིག་སྔའི་གནས་བབ་ཐད་ཀྱི་དཔྱད་འཇོག་ལ་རྒྱུས་ལོན་བྱས། ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་ཟུང་འཛིན་བྱེད་པར་ཡིད་འཐད་བྱུང་། 

ཙེ་ལེན་སི་ཅི་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཁོས་ཧྲའོ་ཨར་ཚི་དང་མཱ་ཁི་ལུང་གཉིས་དང་མཉམ་དུ་ཝུའུ་ཁི་ལན་དང་ཨུ་རུ་སིའི་གྲོས་མོལ་མདུན་ལྗོངས་སོགས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཧྲའོ་ཨར་ཚི་དང་མཱ་ཁི་ལུང་གིས་ཀྲ་པའོ་ལོ་རི་མངའ་སྡེའི་མཱེ་ལེ་ཐའོ་པའོ་ཨར་གྲོང་ཁྱེར་གྱི་ཧྲི་ཀྲང་བཙོན་གྲོལ་གཏོང་བར་རོགས་རམ་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར། ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་ཧྲི་ཀྲང་དེ་འཛིན་བཟུང་བྱས་པ་རེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།