ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཨུ་རུ་སིའི་བཀག་སྡོམ་བྱེད་ཐབས་ལ་སྔར་ལས་ཤུགས་སྣོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཅུ་གཅིག་ཉིན་སྲིད་འཛིན་བཀའ་རྒྱ་ཞིག་བཀོད་པ་དང་། དེའི་ནང་དོན་ལ་ཨ་མེ་རི་ཁས་ཨུ་རུ་སི་ནས་ཉ་རིགས་སོགས་མཚོ་ཟས་ཐོན་རྫས་དང་ཆང་བཅུད་རྒྱུ་ཆ། བཟོ་ལས་མིན་པའི་རྡོ་རྗེ་ཕ་ལམ། དེ་མིན་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཚོང་དོན་པུའུ། ནོར་སྲིད་པུའུ་བཅས་ཀྱིས་གྲོས་ཐག་བཅད་པའི་ཨུ་རུ་སིའི་ཐོན་རྫས་ནང་འདྲེན་བྱེད་པར་གཏན་འགོག་བྱེད་པ་དང་། ཨ་མེ་རི་ཁའི་མངའ་ཁོངས་དང་ཨ་མེ་རི་ཁའི་མིས་རྣམ་པ་གང་རུང་གིས་ཨུ་རུ་སིར་རྒྱས་སྤྲོས་དངོས་རྫས་དང་གྲོས་ཐག་བཅད་པའི་ཐོན་རྫས་ཕྱིར་གཏོང་དང་ཕྱིར་འཚོང་། མཁོ་འདོན་བཅས་བྱེད་པར་གཏན་འགོག་བྱེད་རྒྱུ་མ་ཟད། ཨ་མེ་རི་ཁས་གྲོས་ཐག་བཅད་པའི་ཨུ་རུ་སིའི་དཔལ་འབྱོར་ཁྱབ་ཁོངས་སུ་གསར་དུ་དངུལ་གཏོང་བྱེད་པ་གཏན་འགོག་བྱེད་ལ། ཨ་མེ་རི་ཁའི་མངའ་ཁོངས་དང་ཨ་མེ་རི་ཁའི་མིས་རྒྱལ་ཁབ་གཞན་པས་ཨུ་རུ་སིའི་བར་ཉོ་ཚོང་བྱེད་པར་ཆོག་མཆན་འགོད་པ་དང་དངུལ་གསོག་བྱེད་པ། རོགས་སྐྱོར་དང་ཁག་ཁུར་བྱེད་པ་གཏན་འགོག་བྱེད་པ་སོགས་འདུས་ཡོད། 

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཚེས་བཅུ་གཅིག་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་རང་རང་གི་ཨུ་རུ་སིའི་ཐོན་རྫས་གཙོ་བོར་གཟིགས་སྐྱོང་བྱེད་ཐབས་ལག་བསྟར་བྱེད་པ་རྩིས་མེད་དུ་གཏོང་རྒྱུ་དང་། ཨུ་རུ་སི་ཡིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་འཛམ་གླིང་དངུལ་ཁང་། ཡོ་རོབ་གླིང་བསྐྱར་དར་དངུལ་ཁང་སོགས་འཛམ་གླིང་གི་ཕྱོགས་མང་དངུལ་ལོར་ལས་ཁུངས་ནས་མ་དངུལ་བརྩོན་ལེན་བྱེད་པར་བཀག་འགོག་བྱེད་རྒྱུ་ཡིན་ཟེར། ཁོངས་གཏོགས་རྒྱལ་ཁབ་དག་གིས་ད་རུང་སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སིའི་གནད་འགག་ཚོང་རྫས་དང་ལག་རྩལ་གྱི་ཕྱིར་གཏོང་ཉོ་ཚོང་ལ་ཚོད་འཛིན་བྱེད་རྩིས་ཡོད། 

རྒྱལ་ཁབ་བདུན་ཀྱི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཞིང་ལས་པུའུ་ཀྲང་གིས་ཚེས་བཅུ་གཅིག་ཉིན་དྲ་ཐོག་ནས་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། ཝུའུ་ཁི་ལན་གྱི་གནས་བབ་ལས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ཐད་ཐེབས་པའི་ཤུགས་རྐྱེན་ལ་གྲོས་བསྡུར་བྱས། གྲོས་ཚོགས་ནས་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་འབྲེལ་ཡོད་ས་ཁོངས་དང་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་གི་འབྲུ་རིགས་བདེ་འཇགས་ཐད་གནོན་ཤུགས་ཆེན་པོ་བཟོས་ཡོད། འབྲུ་རིགས་ཉམས་ཉེན་འབྱུང་བར་སྔོན་འགོག་བྱེད་ཆེད། ངེས་པར་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སོགས་བྱེད་ཐབས་སྤྱོད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།