ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་བལྟས་ན་རིམས་ནད་ལས་ཨ་རབ་ས་ཁུལ་གྱི་དབུལ་ཕྱུག་ཁྱད་པར་ཇེ་ཆེར་སོང་ཡོད་པར་འདོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་ནུབ་མའི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་ཉིན་སྙན་ཞུ་སྤེལ་ཏེ། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཨ་རབ་ས་ཁུལ་གྱི་དབུལ་ཕྱུག་ཁྱད་པར་ཇེ་ཆེར་སོང་བའི་སྣང་ཚུལ་མངོན་གསལ་དུ་སོང་ཡོད་ཟེར། 

སྙན་ཞུ་ལས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོའི་ཚུན་ལ། ས་ཁུལ་དེར་སྒོར་ས་ཡ་བརྒྱའི་ཡན་ཡོད་པའི་ཕྱུག་པོའི་ཆ་སྙོམས་ཀྱི་རྒྱུ་ནོར་འཕར་ཚད་བརྒྱ་ཆའི་ཉི་ཤུ་ཡིན་པ་དང་། ཡོང་འབབ་དམའ་བའི་མི་གྲངས་ཕྱེད་ཀའི་ཡན་གྱི་རྒྱུ་ནོར་སྤྱི་འབོར་སུམ་ཆའི་གཅིག་ཇེ་ཉུང་དུ་སོང་ཡོད། འཛམ་གླིང་ཡོངས་ཀྱི་དབུལ་ཕྱུག་ཁྱད་པར་ཆེས་ཆེ་བའི་རྒྱལ་ཁབ་ཉི་ཤུའི་ཁྲོད་པཱ་ལིན་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཡེ་མིན། སོ་ཏི་ཨ་རབ། ཨ་མན། ཁི་ཝེ་ཐི་བཅས་ཨ་རབ་རྒྱལ་ཁབ་དྲུག་འདུས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་ནུབ་མའི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་ཆེན་མོ་ཏཱ་ཧྲི་ཐིས་ཀྱིས་བསྟན་དོན། སྙན་ཞུ་དེའི་སྡོམ་ཚིག་ནི་ཡིད་སེམས་སྐྱོ་བ་ཞིག་ཡིན་པ་དང་། རིམས་ནད་ལས་དབུལ་ཕྱུག་གི་བར་ཁྱད་ཇེ་ཆེར་བཏང་བ་དང་། དབུལ་བོ་ནི་ཤུགས་རྐྱེན་ཆེས་ཆེན་པོ་ཐེབས་ཡོད་ཟེར། ཏཱ་ཧྲི་ཐིས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་གྱིས་བཟོད་སྒོམ་རང་བཞིན་ལྡན་པའི་འཕར་སྣོན་ཐད་ནས་གྲོས་མོལ་བྱེད་པ་དང་དོན་དངོས་ཀྱི་འགུལ་སྐྱོད་སྤེལ་དགོས་པའི་གྲོས་གཞི་བཏོན། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་ནུབ་མའི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ཚོགས་པའི་ཁོངས་སུ་གཏོགས་པའི་ས་ཁོངས་རང་བཞིན་གྱི་ཨུ་ཡོན་ལྷན་ཁང་ཡིན་པ་དང་། སྤྱི་ཁྱབ་པུའུ་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ན་ཡོད། ལས་འགན་གཙོ་བོ་ནི་ཨེ་ཤ་ཡཱ་ནུབ་མའི་རྒྱལ་ཁབ་དག་གི་དཔལ་འབྱོར་འཕེལ་རགྱས་ལ་རོགས་རམ་བྱས་ཏེ། ས་ཁུལ་གྱི་དཔལ་འབྱོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།