ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འབྲེལ་ཡོད་གནས་ཚུལ་གསར་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་བརྡ་བཏང་སྟེ། གལ་ཏེ་ཝུའུ་ཁི་ལན་གྱིས་ཨུ་རུ་སི་ཡིས་བཏོན་པའི་ཆ་རྐྱེན་ཏེ་ཝུའུ་ཁི་ལན་གྱིས་ངེས་པར་དུ་རྩ་ཁྲིམས་བཟོ་བཅོས་བྱས་ཏེ་སྡེ་ཚོགས་གང་རུང་ལ་ཞུགས་པའི་རེ་བ་བསྐྱུར་བ་དང་། ཁི་ལི་མུས་ཡཱ་ཨུ་རུ་སིའི་ཁོངས་སུ་གཏོགས་པ་ཁས་ལེན་པ། ཏོན་ནེ་ཚི་ཁི་དང་ལུའུ་ཀན་སི་ཁི་རང་བཙན་གྱི་སྤྱི་མཐུན་རྒྱལ་ཁབ་ཏུ་ཁས་ལེན་པ་བཅས་བྱས་ན། དམིགས་བསལ་དམག་དོན་འགུལ་སྐྱོད་དེ་དུས་ནམ་ཡིན་ཡང་མཚམས་བཞག་ཆོག་ཟེར། 

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བདུན་ཉིན་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་ལ་ཁ་པར་བཏང་སྟེ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་ཨུ་རུ་སིའི་ཕྱོགས་ཀྱིས་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་བའི་ལངས་ཕྱོགས་མཚམས་སྦྱོར་བྱས་པར་མ་ཟད། མུས་ཞེ་ཨར་དང་མཉམ་དུ་ཝུའུ་ཁི་ལན་གྱི་མིག་སྔའི་མི་ཆོས་རིང་ལུགས་ཀྱི་གནས་བབ་ལ་གྲོས་བསྡུར་ཞིབ་ཏུ་བྱས། 

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཚེས་བདུན་ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་དང་མའོ་ཨར་ཏའོ་ཝ་ལ་ཡོ་སྒོར་དུང་ཕྱུར་གཅིག་འདོན་སྤྲོད་བྱས་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐད་བཀོལ་བཞིན་ཡོད་ཟེར། 

འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། འདས་པའི་ཟླ་ངོ་འགའི་རིང་ལ། འཇར་མན་སྲིད་གཞུང་གིས་ནམ་རྒྱུན་ཡོ་རོབ་གླིང་མནའ་འབྲེལ་ཕྱི་ནང་གི་གྲོགས་པོ་དག་དང་མཉམ་དུ་ཨུ་རུ་སིའི་ནུས་ཁུངས་ཀྱི་ཚབ་བྱེད་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཀྱང་། དུས་ཡུན་ཐུང་ངུ་ཞིག་གི་མངོན་འགྱུར་བྱེད་མི་སྲིད་པས། འཇར་མན་གྱིས་མུ་མཐུད་དུ་ཨུ་རུ་སིའི་ནུས་ཁུངས་མཁོ་འདོན་ཁྱབ་ཁོངས་བར་མཉམ་ལས་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་ནས་ཐོན་པའི་ནུས་ཁུངས་དེ་ཡོ་རོབ་གླིང་ལ་གལ་འགངས་ཧ་ཅང་ཆེ། མིག་སྔར་བྱེད་ཐབས་གཞན་པས་ཡོ་རོབ་གླིང་གི་དྲོད་འདོན་དང་གློག་ཤུགས། འགྲིམ་འགྲུལ་ནུས་ཁུངས་བཅས་ཀྱི་མཁོ་འདོན་ལ་འགན་སྲུང་བྱེད་ཐབས་མེད་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བདུན་ཉིན་ཁྱབ་སྒྲོག་བྱས་པའི་རྒྱུ་ཆ་ལྟར་ན། ཨ་མེ་རི་ཁས་ཝུའུ་ཁི་ལན་མངའ་ཁོངས་ཀྱི་སྐྱེ་དངོས་ཚོད་ལྟ་ཁང་ལ་མེ་སྒོར་དུང་ཕྱུར་གཉིས་ལྷག་གི་རོགས་སྐྱོར་བྱས། ཨུ་རུ་སིའི་དམག་དཔུང་གི་འཕྲོ་འགྱེད་དང་རྫས་འགྱུར། སྐྱེ་དངོས་འགོག་སྲུང་དམག་དཔུང་གི་དམག་སྤྱི་ཅི་ལི་ལོ་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་སྐྱེ་དངོས་ཚོད་ལྟ་ཁང་སུམ་ཅུ་ལྷག་གིས་གྲུབ་པའི་དྲ་རྒྱ་ཆགས་ཡོད་པ་དང་། ཚོད་ལྟ་ཁང་དེ་དག་གི་ཐོན་རྫས་ཉོ་མཁན་ནི་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་འཇིགས་ཉེན་ཇེ་ཉུང་དུ་གཏོང་བའི་ལས་དོན་ཅུའུ་རེད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།