ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ལྔ་ཉིན་བཤད་རྒྱུར། ཨུ་རུ་སིའི་དམིགས་བསལ་དམག་དོན་འགུལ་སྐྱོད་དེ་འཆར་གཞི་ལྟར་བདེ་བླག་ངང་སྤེལ་བཞིན་ཡོད་ཅིང་། ཝུའུ་ཁི་ལན་མངའ་ཁོངས་ཀྱི་དམག་དོན་རྨང་གཞིའི་སྒྲིག་ཆས་ལ་ཆམ་ཕབ་གཏོང་བའི་ལས་འགན་དེ་ཡང་མཇུག་སྒྲིལ་ལ་ཉེ། མཚོན་ཆའི་མཛོད་ཁང་དང་མཁའ་སྲུང་མ་ལག་འདུས་པའི་ཝུའུ་ཁི་ལན་གྱི་དམག་དོན་རྨང་གཞིའི་སྒྲིག་ཆས་མང་ཆེ་བ་གཏོར་བཤིག་བཏང་ཡོད་ཟེར།
ཕུའུ་ཅིན་གྱིས་ཨུ་རུ་སིའི་མཁའ་འགྲུལ་ཀུང་ཟིའི་གསོ་སྦྱོང་ལྟེ་གནས་ནས་འཐུས་མིར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་བའི་ཆོད་དོན་སྤེལ་བར་དཀའ་ཁག་ལྡན་ཡང་དགོས་ངེས་ཅན་ཞིག་རེད། ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་ན་མ་འོངས་པར་ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་བར་འཁྲུག་རྩོད་འབྱུང་སྲིད། གལ་ཏེ་ཝུའུ་ཁི་ལན་གྱི་མིར་ཉིང་རྡུལ་མཚོན་ཆ་ཐོབ་ཚེ། ཨུ་རུ་སིའི་ལས་དབང་གཏན་ནས་མི་འདྲ། དེ་ནི་ངེས་པ་དོན་གྱི་འཇིགས་ཉེན་ཅིག་རེད་ཟེར།
ཕུའུ་ཅིན་གྱིས་བསྟན་དོན། རྒྱལ་ཁབ་གང་རུང་གིས་ཝུའུ་ཁི་ལན་གྱི་བར་སྣང་ནས་གནམ་གྲུ་འཕུར་མི་ཆོག་པའི་ས་ཁོངས་འཛུགས་པའི་བྱ་སྤྱོད་ཚང་མ་ཨུ་རུ་སིའི་ཕྱོགས་ཀྱིས་དྲག་ཆས་འཁྲུག་རྩོད་ལ་ཞུགས་པར་རློམ་སྲིད། ཅི་ཧྥུའུ་དབང་འཛིན་ལས་ཁུངས་ཀྱི་རེ་བ་དེ་བསྐངས་བ་ལས་ཡོ་རོབ་གླིང་ཙམ་དུ་མ་ཟད། ཐ་ན་འཛམ་གླིང་ཧྲིལ་བོར་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་འབྱུང་སྲིད་ཟེར།
ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་དམག་དོན་འགུལ་སྐྱོད་ཀྱི་དམིགས་ཡུལ་ནི་ཝུའུ་ཁི་ལན་གྱིས་དམག་དོན་བསྐྱུར་ནས་དབུས་གནས་ཀྱི་གོ་གནས་སྲུང་འཛིན་བྱེད་དུ་འཇུག་ཆེད་ཡིན། དམག་དོན་བསྐྱུར་བའི་བྱ་བ་དེ་ཇི་ལྟར་མངོན་འགྱུར་བྱེད་པར་ཇུས་གཞི་མི་འདྲ་བ་མང་བོ་ཡོད། མིག་སྔར་ཨུ་རུ་སིའི་ཕྱོགས་ཀྱིས་གནད་དོན་དེ་དག་ཐད་ནས་ཝུའུ་ཁི་ལན་བར་གྲོས་མོལ་བྱེད་བཞིན་ཡོད་ལ། ཝུའུ་ཁི་ལན་གྱི་འཐུས་མིས་ཨུ་རུ་སིའི་གྲོས་གཞིར་རྣམ་འགྱུར་གང་ལེགས་སྟོན་པའི་རེ་བ་ཡོད་ཟེར།
ཕུའུ་ཅིན་གྱིས་བཤད་རྒྱུར། ཨ་མེ་རི་ཁ་དང་ནུབ་ཕྱོགས་རྒྱལ་ཁབ་གཞན་པས་ཨུ་རུ་སིར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་དེ་ནི་འཐབ་འཁྲུག་བསླངས་པ་དང་གཅིག་འདྲ་ཡིན་ཟེར། ཁོས་བསྟན་དོན། མིག་སྔའི་གནས་བབ་འོག ཨུ་རུ་སི་ཡིས་ཚོང་གཉེར་མཁན་ལ་ཚད་ཆེ་བའི་དཔལ་འབྱོར་རང་དབང་འདོན་སྤྲོད་བྱས་ཏེ་བཀག་སྡོམ་ལས་བྱུང་བའི་འགྲན་རྩོད་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཕུའུ་ཅིན་གྱིས་ཝུའུ་ཁི་ལན་མངའ་ཁོངས་ཀྱི་དམག་དོན་རྨང་གཞིའི་སྒྲིག་ཆས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་མཇུག་སྒྲིལ་ལ་ཉེ་བའི་ཚུལ་བསྟན།