ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་གྱི་ཡིད་ཆེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་རེ་བ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་ལྔ་ཉིན་བསྟན་དོན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་དབྱི་ལིང་དུ་འཚམས་འདྲི་བྱེད་སྐབས། ཕྱོགས་གཉིས་ཀྱི་ཡིད་ཆེས་དང་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉིན་དེར་ཀི་ལོ་ཞི་དང་གྲོས་མོལ་བྱེད་སྐབས་བཤད་རྒྱུར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་སྒེར་ཚུགས་དང་ཆེད་ལས། དྲང་བདེན་བཅས་ཀྱི་བྱེད་ཐབས་སྤྱོད་དགོས་ཟེར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ལྟ་རྟོག་དང་ཞིབ་བཤེར་བྱེད་པའི་ཞོར་ནས་དབྱི་ལིང་བར་གྱི་འབྲེལ་བ་དང་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པ་དང་། དེའི་ནང་དབྱི་ལིང་གི་ཞི་བདེའི་ཉིང་རྡུལ་ནུས་པའི་བཟོ་ལས་ལ་རྒྱབ་སྐྱོར་བྱེད་པ་འདུས་ཡོད་ཟེར། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བསྟན་དོན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་བར་གྱི་གྲོས་མོལ་དང་འགྲིག་མཐུན་ལས་སྔོན་ཆད་ཀྱི་དུས་སྐབས་གང་རུང་ལས་འབྲེལ་ཡོད་གྲོས་མཐུན་གྱི་ལག་བསྟར་ཐད་རྨང་འདིང་ཐུབ་པར་རེ་བཞིན་ཡོད་ཟེར། 

ཉིན་དེའི་སྔ་དྲོར། ཀི་ལོ་ཞི་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་དབྱེ་སི་ལཱ་མུས་ཀྱིས་གྲོས་མོལ་བྱས་པར་མ་ཟད་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས། དབྱེ་སི་ལཱ་མུས་ཀྱིས་གསར་འགོད་པར་བཤད་རྒྱུར། ཁོ་དང་ཀི་ལོ་ཞི་ཡིས་ཕྱོགས་གཉིས་ཀྱི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞིའི་འགན་སྲུང་ལྟ་རྟོག་ཁྱབ་ཁོངས་སུ་ཐག་གཅོད་ཐོབ་མེད་པའི་གནད་དོན་ཐག་གཅོད་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། ཀི་ལོ་ཞི་ཡིས་བཤད་རྒྱུར། ཁོས་ནམ་རྒྱུན་དབྱི་ལིང་བར་དུས་བཅད་འབྲེལ་འདྲིས་བྱེད་བཞིན་ཡོད་ཅིང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་གྲོས་མོལ་དང་། དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་མཉམ་ལས་ནི་ཕན་ཚུན་གཅིག་འབྲེལ་ཡིན། གལ་ཏེ་དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་འགན་སྲུང་གནད་དོན་ཐད་ནས་གྲོས་མཐུན་འགོད་མ་ཐུབ་ན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཐད་ནས་ཀྱང་གྲོས་མཐུན་འགོད་པར་དཀའ་ཁག་ཆེ་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།