ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་དངུལ་ལོར་གཏན་འཇགས་ལ་འགན་སྲུང་བྱེད་པར་གནས་སྐབས་བྱེད་ཐབས་ཁ་གསབ་བྱེད་པའི་ཙུང་ཐུང་བཀའ་རྒྱ་བཀོད།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2022-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཟླ་གསུམ་པའི་ཚེས་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་དངུལ་ལོར་གཏན་འཇགས་ལ་འགན་སྲུང་བྱེད་པའི་གནས་སྐབས་བྱེད་ཐབས་ཁ་གསབ་བྱེད་པའི་སྐོར་གྱི་ཙུང་ཐུང་བཀའ་རྒྱ་བཀོད་པ་དང་། དམིགས་ཡུལ་ནི་ཨུ་རུ་སིའི་དངུལ་ལོར་གཏན་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་རེད་ཟེར། 

བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དེའི་རྗེས་འདེད་རྒྱལ་ཁབ་རེ་འགའ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཨུ་རུ་སིའི་སྤྱི་དམངས་དང་ཁྲིམས་མི་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས། མཛའ་མཐུན་མིན་ཞིང་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་དེ་རིགས་ལ་དམིགས་ནས། ཨུ་རུ་སི་ཡིས་བྱེད་ཐབས་ཁ་གསབ་བྱས་ཏེ་ཨུ་རུ་སི་རྒྱལ་ཁབ་ཀྱི་ཁེ་ཕན་དང་རྒྱལ་ནང་གི་དངུལ་ལོར་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཐག་བཅད་པ་རེད། 

ཙུང་ཐུང་བཀའ་རྒྱ་ལས་གཏན་འཁེལ་བྱས་དོན། ཟླ་གསུམ་པའི་ཚེས་གཉིས་ཉིན་ནས་བཟུང་། ཨུ་རུ་སིའི་སྡོད་དམངས་དག་གིས་མཛའ་མཐུན་མིན་པའི་རྒྱལ་ཁབ་ཀྱི་མི་སྣར་ཨུ་རུ་སིའི་སྒོར་མོའི་དངུལ་བུན་བསྐྱི་བའམ་ཡང་ན་དངུལ་འཛིན་དང་གཏན་འཇགས་རྒྱུ་ནོར་གྱི་ཉོ་ཚོང་བྱེད་སྐབས། ཨུ་རུ་སིའི་སྲིད་གཞུང་གི་ཕྱི་རྒྱལ་དངུལ་གཏོང་ལྟ་རྟོག་དོ་དམ་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་དགོས་པ་དང་། དངུལ་འཛིན་ཉོ་ཚོང་བྱེད་སྐབས་ཨུ་རུ་སིའི་ཀྲུང་དབྱང་དངུལ་ཁང་དང་ནོར་སྲིད་པུའུ་ཡི་ཆོག་མཆན་ཐོབ་ནས་ངེས་གཏན་གྱི་ཉོ་ཚོང་བྱེད་སར་སྤེལ་དགོས། ཨུ་རུ་སི་ནས་ཉིན་དེ་རང་གི་ཨུ་རུ་སིའི་ཀྲུང་དབྱང་དངུལ་ཁང་དཔོན་ཕྱོགས་ཀྱི་དངུལ་ལོར་མཛའ་ཐང་གི་རིན་ཐང་མེ་སྒོར་ཁྲི་གཅིག་ཡན་ཡིན་པའི་ཕྱི་དངུལ་ཁྱེར་ནས་རྒྱལ་མཚམས་བརྒལ་བར་གཏན་འགོག་བྱེད་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།