ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་ཁཱ་ནཱ་ཏཱ་སོགས་རྒྱལ་ཁབ་ཀྱིས་མཱ་ལི་ནས་དམག་དཔུང་ཕྱིར་འཐེན་བྱེད་དགོས་པ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སི་དང་ཁཱ་ནཱ་ཏཱ། ཡོ་རོབ་གླིང་གི་རྒྱལ་ཁབ་སྐོར་ཞིག་བཅས་ཀྱིས་ཚེས་བཅུ་བདུན་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། མཱ་ལི་ནས་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ལ་ཞུགས་པའི་རང་གི་དམག་དོན་སྟོབས་ཤུགས་ཕྱིར་འཐེན་བྱེད་རྒྱུ་ཐག་བཅད། 

མཉམ་འབྲེལ་གསལ་སྒྲོག་ལས་བཤད་རྒྱུར། ཟླ་གསར་དབྱིབས་ཀྱི་བྱེ་སྒང་ཞེས་པའི་འགུལ་སྐྱོད་དང་ཐཱ་ཁུའུ་པཱ་ཐི་མངག་གཏོང་རུ་དཔུང་ལ་ཞུགས་པའི་ཧྥ་རན་སི་དང་ཁཱ་ནཱ་ཏཱ་སོགས་རྒྱལ་ཁབ་ཀྱིས་བལྟས་ན། མཱ་ལིའི་བར་བརྒལ་སྲིད་གཞུང་གི་བར་ཆད་མང་བོའི་དབང་གིས་མིག་སྔའི་ཆབ་སྲིད་དང་འགུལ་སྐྱོད། བཅའ་ཁྲིམས་བཅས་ཀྱི་ཆ་རྐྱེན་འོག་ཏུ། ཕན་ནུས་ལྡན་པའི་སྒོ་ནས་འཇིགས་སྐུལ་ངོ་རྒོལ་གྱི་འཐབ་རྩོད་ཁྲོད་ཀྱི་དམག་དོན་དམ་བཅའ་ལག་བསྟར་བྱེད་ཐབས་མེད་པས། མཱ་ལི་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར། 

མཉམ་འབྲེལ་གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་གི་གྲོགས་པོས་རེ་བ་བཏོན་པ་དང་། མ་འོངས་པའི་མཉམ་འབྲེལ་འགུལ་སྐྱོད་བྱེད་ཐབས་ལ་གྲོས་བསྡུར་བྱས་པའི་རྨང་གཞིའི་སྟེང་། ཧྥ་རན་སི་དང་དེའི་མནའ་མཐུན་གྱིས་སཱ་ཧི་ལེ་ས་ཁུལ་དང་ཁྱད་པར་དུ་ནེ་ཀྲི་རི་ཡཱ་སོགས་ས་ཁུལ་ནས་མུ་མཐུད་དུ་མཉམ་འབྲེལ་གྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བར་ཡིད་འཐད་བྱུང་ཡོད་ཟེར། 

ཉེ་སྔོན་མཱ་ལི་དང་ཧྥ་རན་སི་སོགས་ཀྱི་དམག་དོན་མཉམ་ལས་དང་འདེམ་བསྐོའི་གནད་དོན་ཐད་ཀྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་སོང་། ཟླ་དང་པོའི་ཚེས་སོ་གཅིག་ཉིན། མཱ་ལིའི་བར་བརྒལ་སྲིད་གཞུང་གིས་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལི་ཨང་གིས་མཛའ་མཐུན་མིན་པའི་གཏམ་བཤད་སྤེལ་བར་རྒོལ་གཏམ་བཏང་བ་དང་། མཱ་ལི་རུ་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་ཆེན་མོ་དུས་ཚོད་དོན་གཉིས་ནས་རང་གི་མངའ་ཁོངས་དང་བྲལ་དགོས་པའི་རེ་བ་བཏོན། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་དེའི་རྗེས་སུ་བསྟན་དོན། ཧྥ་རན་སི་ཡིས་མཱ་ལི་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་འབོད་རྒྱུ་ཐག་བཅད་པ་ཡིན་ཟེར། 

སཱ་ཧི་ལེ་ས་ཁུལ་ནི་ཨ་ཧྥེ་རི་ཁ་གླིང་གི་སཱ་ཧཱ་ལཱ་བྱེ་ཐང་ལྷོ་ངོས་ཀྱི་ཞེང་ཚད་་སྤྱི་ལེ་སུམ་བརྒྱ་དང་ཉི་ཤུ་ནས་བཞི་བརྒྱ་དང་བརྒྱད་ཅུ་ཡོད་པའི་ས་ཁོངས་ཤིག་ཡིན། ཉེ་བའི་ལོ་འགའི་རིང་ལ་ས་ཁུལ་དེར་དབུལ་ཕོངས་དང་དྲག་ཆས་འཁྲུག་རྩོད། རང་བྱུང་གནོད་འཚེ་བཅས་ཀྱིས་སྡུག་ལ་སྦྱར་ཡོད། ཧྥ་རན་སི་ཡིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་བརྒྱད་པ་ནས་བཟུང་སཱ་ཧི་ལེ་ས་ཁུལ་དུ་ཟླ་གསར་དབྱིབས་ཀྱི་བྱེ་སྒང་ཞེས་པའི་དམག་དོན་འགུལ་སྐྱོད་སྤེལ་མགོ་བརྩམས་པ་དང་། དམག་མི་སྟོང་ཕྲག་འགའ་མངག་ནས་ས་ཁུལ་དེའི་མཱ་ལི་དང་པུ་ཁི་ནཱ་ཧྥ་སོ། ཀྲ་ཏི། མའོ་ལི་ཐཱ་ནེ་ཡཱ། ནེ་ཀྲིར་བཅས་དང་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དུ་བཅུག་པ་རེད། 

ཐཱ་ཁུའུ་པཱ་ཐི་མངག་གཏོང་རུ་དཔུང་ནི་ཧྥ་རན་སི་དང་ཨེ་སོ་ནི་ཡཱ། སུའེ་ཏེན་སོགས་རྒྱལ་ཁབ་ཀྱི་དམག་དཔུང་གིས་གྲུབ་པ་ཡིན་ལ། ཉིས་སྟོང་ཉི་ཤུ་ལོའི་ཟླ་བདུན་པ་ནས་བཟུང་མཱ་ལི་རུ་བཀོད་སྒྲིག་བྱས་ཏེ། ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་རོགས་འདེགས་བྱས་པ་རེད། 

ཟླ་གསར་དབྱིབས་ཀྱི་བྱེ་སྒང་ཞེས་པ་ལས་ལོ་རེར་ཧྥ་རན་སིའི་ནོར་སྲིད་ཀྱིས་ཡོ་སྒོར་དུང་ཕྱུར་དྲུག་ཙམ་ཟད་བཞིན་ཡོད་ཀྱང་། གྲུབ་འབྲས་ལ་ཚད་ཡོད་པ་དང་ཧྥ་རན་སིའི་དམག་མིར་ཤི་རྨས་ཚད་མེད་འབྱུང་བཞིན་ཡོད་སྟབས། རྒྱལ་ནང་དུ་དོན་དེར་སོམ་ཉི་བྱེད་བཞིན་ཡོད། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་མནའ་མཐུན་གྲོགས་པོ་དག་གིས་ཧྥ་རན་སིའི་ས་ཁུལ་དེའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁུར་བོ་ཇེ་ཡང་དུ་གཏོང་རོགས་བྱེད་དགོས་པར་བཤད་ཀྱང་དེ་ཁས་ལེན་བྱེད་མཁན་མང་བོ་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།