ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ལྷོ་ཕྱོགས་དང་ནུབ་ཕྱོགས་དམག་ཁུལ་གྱི་དམག་དཔུང་གིས་དམག་དོན་སྦྱོང་བརྡར་ལས་འགན་ཡོངས་འགྲུབ་བྱས་ཏེ་ཕྱིར་བཅའ་སྡོད་བྱེད་སར་ལོག་ཡོད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨུ་རུ་སིའི་ལྷོ་ཕྱོགས་དང་ནུབ་ཕྱོགས་དམག་ཁུལ་གྱི་དམག་དཔུང་གིས་དམག་དོན་སྦྱོང་བརྡར་གྱི་ལས་འགན་ཡོངས་འགྲུབ་བྱས་ཏེ། ཉིན་དེར་ལམ་དུ་ཆས་ནས་ཕྱིར་བཅའ་སྡོད་བྱེད་སར་ལོག་ཡོད་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་དྲ་ཚིགས་ཀྱིས་ཚེས་བཅོ་ལྔ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་གྱི་དམག་དཔུང་གིས་ཁི་ལི་མུས་ཡཱ་ཕྱེད་གླིང་གི་དམག་དོན་སྦྱོང་བརྡར་མཇུག་སྒྲིལ་ནས། ལམ་དུ་ཆས་ཏེ་ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་དང་ཨོ་སེ་ཐིས་བྱང་མ་སྤྱི་མཐུན་རྒྱལ་ཁབ་ཏུ་ཡོད་པའི་རྟེན་གཞིར་ཕྱིར་ལོག་ཡོད་པ་དང་། ནུབ་ཕྱོགས་དམག་ཁུལ་གྱི་དམག་དཔུང་དག་ནོའུ་ཧྥུའུ་ཀི་ལོ་ཏི་མངའ་སྡེ་རུ་ཡོད་པའི་རྟེན་གཞིར་ལོག་བཞིན་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཨུ་རུ་སིའི་དྲག་ཆས་དམག་དཔུང་གི་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། དམག་ཁུལ་སོ་སོ་དང་གྲུ་གཟིངས་རུ་ཁག མཁའ་འབད་དམག་དཔུང་བཅས་སྦྱོང་བརྡར་ལ་ཞུགས་ཡོད་ཟེར། 

དེ་ལས་གཞན་ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་གྱི་དམག་དཔུང་དང་མཁའ་འབབ་དམག་དཔུང་གིས་ཨུ་རུ་སི་དཀར་པོའི་དྲག་ཆས་དམག་དཔུང་དང་མཉམ་ལས་བྱས་ཏེ། ཉིས་སྟོང་ཉེར་གཉིས་ལོའི་མནའ་འབྲེལ་གྱི་ཆོད་སེམས་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་སྒྲོམ་གཞིའི་ནང་འགོག་སྲུང་འགུལ་སྐྱོད་ཁྲོད་ཇི་ལྟར་ཕྱི་ཕྱོགས་ཀྱི་བཙན་འཛུལ་མཁན་མཐར་སྐྲོད་གཏོང་བར་ཞིབ་འཇུག་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཚེས་བཅུ་དགུ་ཉིན་མདེལ་དངོས་མའི་གཏོང་འཕེན་སྦྱོང་བརྡར་བྱེད་པའི་འཆར་གཞི་ཡོད། 

བསྒྲགས་པ་ལྟར་ན། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚེས་བཅུ་བཞིའི་ཉིན་ཙུང་ཐུང་ཕུའུ་ཅིན་ལ་དམག་ཁུལ་སོ་སོའི་དམག་དཔུང་གི་སྦྱོང་བརྡར་གནས་ཚུལ་སྙན་ཞུ་བྱས། ཧྲའོ་དབྱེ་ཀུའུ་ཡིས་བཤད་རྒྱུར། གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་དེ་པཱ་ལོན་ཀྲི་མཚོ་ཁོངས་དང་མཚོ་ནག པའོ་ལོ་ཏི་མཚོ་ཁོངས་བཅས་སུ་སྤེལ་བཞིན་ཡོད་ཅིང་། ཞི་བདེ་རྒྱ་མཚོ་ཆེན་མོའི་གྲུ་གཟིངས་རུ་ཁག་ཀྱང་དམག་དོན་སྦྱོང་བརྡར་ནང་ཞུགས་ཡོད་ལ། དམག་དོན་སྦྱོང་བརྡར་བྱ་འགུལ་སྐོར་ཞིག་མི་འགྱངས་པར་མཇུག་སྒྲིལ་ལ་ཉེ་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།