ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་དབྱིན་ཇིའི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཅུ་བཞིའི་ཉིན་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། 

ཕོ་བྲང་དཀར་པོས་སྤེལ་བའི་གསལ་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་རྒྱབ་སྐྱོར་བྱེད་པ་བསྐྱར་བསྒྲགས་བྱས། གསལ་སྒྲོག་ལས་བཤད་རྒྱུར། པེད་ཏིན་དང་ཡའོ་ཧན་ཞོན་གྱིས་བྱང་ཆིངས་རྩ་འཛུགས་ཀྱི་ཤར་ཕྱོགས་འགོག་སྲུང་ནུས་པར་ཤུགས་སྣོན་པར་གྲོས་བསྡུར་བྱས་པ་དང་། མནའ་མཐུན་རྒྱལ་ཁབ་དང་གྲོགས་པོའི་བར་མཐུན་སྦྱོར་ཟབ་མོ་སྲུང་འཛིན་བྱེད་རྒྱུ་ནན་གྱིས་བསྟན། གལ་ཏེ་ཨུ་རུ་སི་ཡིས་ཝུའུ་ཁི་ལན་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་དམག་ཤུགས་ཁ་སྣོན་བྱས་ན། ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་དང་དེའི་མནའ་མཐུན་གྲོགས་པོ་དག་གིས་ཨུ་རུ་སིར་རིན་དོད་ཆེན་པོ་གཏོང་དུ་འཇུག་ངེས་ཡིན་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནས་སྐབས་སུ་ཝུའུ་ཁི་ལན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་སྒོ་བརྒྱག་པའི་ལས་རིམ་ལག་བསྟར་བྱས་ནས། གཞུང་ཚབ་ཁང་གི་བྱེད་སྒོ་དེ་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་ནུབ་ཕྱོགས་ཀྱི་ལེ་བོ་ཧྥུའུ་གྲོང་ཁྱེར་དུ་སྤར་ཡོད་ཟེར། 

པུའུ་ལིན་ཁུན་གྱིས་བཤད་རྒྱུར། ཨ་མེ་རི་ཁའི་བྱ་སྤྱོད་དེ་ནི་ཨུ་རུ་སི་ཡིས་ཝུའུ་ཁི་ལན་དང་ཉེ་བའི་མཐའ་མཚམས་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་པའི་སྔོན་འགོག་རང་བཞིན་གྱི་བྱེད་ཐབས་ཤིག་ཡིན་ལ། ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག་སྔ་མོ་ནས་གཞུང་ཚབ་ཁང་གི་སྒོ་ཡང་བསྐྱར་འབྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཨུ་རུ་སིའི་བར་གྱི་ཕྱི་ཕྱོགས་འབྲེལ་འདྲིས་སྲུང་འཛིན་བྱེད་རྒྱུ་ཡིན་ལ། ཝུའུ་ཁི་ལན་གྱི་ཉམས་ཉེན་དེ་སྔར་བཞིན་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པར་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།