མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་བཞི་ཉིན་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་གསར་འགྱུར་ལས་རིགས་ལ་སྒྲོག་འདོན་བྱས་པའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཁོས་མིག་སྔར་ཨུ་རུ་སི་དང་ཝུའུ་ཁི་ལན་བར་གྱི་ཛ་དྲག་གི་གནས་བབ་དང་དེ་མིན་དམག་དོན་འཁྲུག་རྩོད་ལ་འབྲེལ་བའི་ཚོད་དཔག་མང་བོ་ཞིག་ལ་སེམས་ཁུར་བྱེད་བཞིན་ཡོད། དམག་དོན་འཁྲུག་རྩོད་ཀྱི་ཚེ་སྲོག་དང་རྒྱུ་ནོར། དེ་མིན་ཡོ་རོབ་གླིང་དང་འཛམ་གླིང་ཡོངས་ཀྱི་ཞི་བདེའི་ཐད་ཀྱི་གཏོར་བརླག་དེ་བློ་ཡུལ་ལས་འདས་པ་ཞིག་ཡིན་སྲིད། གནད་དོན་དེ་ཞི་འཇགས་སུ་གཏོང་ན་ཕྱི་འབྲེལ་མ་གཏོགས་པའི་ཐབས་ལམ་གཞན་པ་ཡོད་མི་སྲིད། ཐག་གཅོད་བྱེད་དཀའ་བའི་གནད་དོན་འདུས་པའི་གནད་དོན་ཚང་མ་ངེས་པར་དུ་ཕྱི་འབྲེལ་གྱི་སྒྲོམ་གཞིའི་ནང་ཐག་གཅོད་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཁོས་ཉེ་སྔོན་སྤེལ་བའི་རྒྱལ་ཁབ་ཀྱི་མགོ་གཙོའི་བར་གྱི་གྲོས་མོལ་སོགས་འདུས་པའི་ཕྱི་འབྲེལ་གྱི་འབྲེལ་འདྲིས་བྱ་འགུལ་རབ་དང་རིམ་པར་དགའ་བསུ་བྱེད་ཀྱང་། ཕྱི་འབྲེལ་ཐད་ཀྱི་བྱ་བར་སྔར་ལས་ཤུགས་སྣོན་དགོས་ཟེར། ཁོས་ངན་སྐུལ་རང་བཞིན་གྱི་གཏམ་སྤྱོད་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། མངོན་གསལ་ཡོངས་བསྒྲགས་ཀྱི་གཏམ་སྤྱོད་ལ་བརྟེན་ནས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དམིགས་ཡུལ་ཡིན་པར་འདོད། ཁོས་མུ་མཐུད་དུ་ཕྱོགས་སོ་སོའི་བར་གྱི་འབྲེལ་འདྲིས་སྲུང་འཛིན་བྱས་ཏེ། རང་ནུས་ཅི་ལྕོགས་ཀྱིས་ཞི་བའི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཨུ་རུ་སི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་བརྙན་རིས་གྲོས་མོལ་བྱས་པ་དང་། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལེ་པཱ་ལ་ཁ་པར་གྲོས་མོལ་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་གུང་ཚིགས་གསོལ་སྟོན་ལ་ཞུགས། ཟླ་འདིའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ནི་ཨུ་རུ་སི་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།