ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་ཡིས་མུ་མཐུད་དུ་བདེ་འཇགས་འགན་སྲུང་གནད་དོན་ཐད་ནས་ནུབ་ཕྱོགས་རྒྱལ་ཁབ་བར་གྲོས་མོལ་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་བཞི་ཉིན་བསྟན་དོན། ཨུ་རུ་སི་ཡིས་མུ་མཐུད་དུ་བདེ་འཇགས་འགན་སྲུང་གནད་དོན་ཐད་ནས་ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་བར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་བཞི་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བདེ་འཇགས་འགན་སྲུང་གནད་དོན་ཐད་ནས་ཉིན་དེར་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨ་མེ་རི་ཁས་ཨུ་རུ་སིའི་བདེ་འཇགས་འགན་སྲུང་གྲོས་གཞིའི་ཐད་ནས་བྱིན་པའི་ལན་དང་། ཁྱད་པར་དུ་བྱང་ཆིངས་རྩ་འཛུགས་ཀྱིས་རྒྱ་བསྐྱེད་མཚམས་འཇོག་པ་དང་། ཨུ་རུ་སིའི་མཐའ་མཚམས་ས་ཁུལ་དུ་ཆམ་ཕབ་རང་བཞིན་ལྡན་པའི་མཚོན་ཆ་བཀོད་སྒྲིག་མི་བྱེད་པ། ཡོ་རོབ་གླིང་གི་དམག་དོན་རྨང་གཞིའི་སྒྲིག་ཆས་དེ་གཅིག་སྟོང་དགུ་བརྒྱ་གོ་བདུན་ལོར་ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱིས་གཞི་རྩའི་འབྲེལ་བའི་ཡིག་ཆ་འགོད་སྐབས་ཀྱི་རྣམ་པ་སླར་གསོ་བྱེད་པ་སོགས་ཨུ་རུ་སིའི་ཕྱོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་གཙོ་བོའི་ཐད་ནས་ཨུ་རུ་སི་ཡིད་ཚིམས་པ་ཞིག་མ་རེད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཡིས་བདེ་འཇགས་འགན་སྲུང་གནད་དོན་གྱི་དངོས་ཡོད་དོན་སྙིང་ཐད་ནས་མུ་མཐུད་དུ་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། མུ་མཐུད་དུ་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སིའི་བདེ་འཇགས་འགན་སྲུང་ཐད་ནས་བཏོན་པའི་གནད་དོན་ལ་ལན་སྟེར་དགོས་པའི་རེ་བ་འདོན་རྒྱུ་ཡིན་ཟེར། 

དེ་ལས་གཞན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཕུའུ་ཅིན་གྱི་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས་བསྟན་དོན། ཨུ་རུ་སི་ཡིས་ནུབ་ཕྱོགས་རྒྱལ་ཁབ་བར་བདེ་འཇགས་འགན་སྲུང་གནད་དོན་ཐད་ནས་གྲོས་མཐུན་འགོད་པར་སྔར་བཞིན་གོ་སྐབས་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་འབྲེལ་ཡོད་གནད་དོན་ཐད་ནས་མུ་མཐུད་དུ་འགྲེལ་བརྗོད་བྱེད་པའི་བྱ་བ་སྤེལ་བཞིན་ཡོད་ལ། ནུབ་ཕྱོགས་རྒྱལ་ཁབ་དག་གིས་འབྲེལ་ཡོད་བསམ་འཆར་འདོན་པའི་རེ་བ་ཡོད་ཀྱང་། འབྲེལ་ཡོད་གྲོས་མོལ་དེ་རྫོགས་མཐའ་མེད་པར་སྤེལ་བ་མི་རུང་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།