ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྱི་ཙུང་ཐུང་དང་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིས་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་གྱི་བདེ་འཇགས་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་བཅུ་གསུམ་ཉིན་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་གྱི་བདེ་འཇགས་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཙེ་ལེན་སི་ཅི་ཡིས་ཁ་པར་གཏོང་སྐབས་ཕྱོགས་སོ་སོས་ཕྱི་འབྲེལ་ཐད་ནས་འབད་བརྩོན་བྱེད་པའི་ཞི་བདེ་དང་གཏན་འཇགས་སླར་གསོ་བྱེད་པའི་ཐད་ཀྱི་གལ་ཆེན་རང་བཞིན་ནན་གྱིས་བསྟན། 

ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ཙེ་ལེན་སི་ཅི་ཡིས་མུས་ཞེ་ཨར་ལ་ཝུའུ་ཁི་ལན་གྱི་བདེ་འཇགས་གནས་བབ་དང་དེ་མིན་ད་ལྟའི་གྲོས་མོལ་རྣམ་པའི་འོག་དང་ཁྱད་པར་དུ་ནོའུ་མན་ཏིས་རྣམ་པའི་འོག་ཏུ། འབྲེལ་ཡོད་ཕྱོགས་སོ་སོས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་སྤྱད་པའི་བྱེད་ཐབས་མཚམས་སྦྱོར་བྱས་ཏེ། ཕྱོགས་སོ་སོའི་ཕྱི་འབྲེལ་ཐད་ཀྱི་རྩོལ་བ་དེ་ཞི་བདེ་དང་གཏན་འཇགས་སླར་གསོ་བྱེད་པར་གལ་ཆེ་ཚུལ་ནན་གྱིས་བསྟན། 

ཁོས་བསྟན་དོན་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་ཀྱང་། དཀྲུག་འཕེན་གྱི་བྱ་སྤྱོད་ལ་མགོ་སྒུར་མི་སྲིད་ཟེར། ཝུའུ་ཁི་ལན་ཕྱོགས་ཀྱིས་རང་གི་མདུན་དུ་ལྷགས་པའི་ཉེན་ཁ་གསལ་བོར་ཤེས་ཡོད་པ་དང་། འབྱུང་སྲིད་པའི་གནས་ཚུལ་གང་རུང་ཐག་གཅོད་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། 

ཙེ་ལེན་སི་ཅི་ཡིས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་ཡོ་རོབ་གླིང་གཞི་གཅིག་ཅན་ནང་ཞུགས་པའི་འཕེལ་རིམ་བསྒྱུར་མི་སྲིད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་ཐད་ཀྱི་རྣམ་འགྱུར་གསལ་བོ་ཡིན་དགོས་ཟེར། 

མུས་ཞེ་ཨར་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ། དེ་མིན་ཝུའུ་ཁི་ལན་གྱིས་བཏོན་པའི་ཡོ་རོབ་གླིང་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་རེ་འདུན་འཆར་གཞིར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། མུས་ཞེ་ཨར་གྱིས་ཁ་པར་གྲོས་མོལ་བྱས་རྗེས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཁོ་དང་ཙེ་ལེ་སི་ཅི་ཡིས་ཝུའུ་ཁི་ལན་གྱི་གནས་བབ་གསར་བའི་ཐད་ནས་ལངས་ཕྱོགས་མཐུན་སྦྱོར་བྱས་ཡོད་ཟེར། མུས་ཞེ་ཨར་གྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། གལ་ཏེ་ཨུ་རུ་སི་ཡིས་དམག་དོན་བཙན་འཛུལ་གང་རུང་སྤེལ་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་མཐུན་སྒྲིལ་བརྟན་པོས་ཁ་གཏད་འཇལ་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།