ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་ཀྲིན་ཨིན་ཕེན་རང་གི་སྡོད་ཁང་ཁྲི་ལྷག་གི་ལས་གཞིའི་རྨང་འདིང་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་རྒྱལ་ས་ཕེན་རང་གི་སྐབས་གསར་པའི་སྡོད་ཁང་ཁྲི་ལྷག་གི་འཛུགས་སྐྲུན་ལས་གཞི་ཚེས་བཅུ་གཉིས་ཉིན་ཕེན་རང་ཧི་ཧྲིན་ས་ཁུལ་ནས་ལས་མགོ་བརྩམས། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་རྨང་འདིང་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་སྤེལ། 

ཅིན་ཀྲིན་ཨིན་གྱིས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཧི་ཧྲིན་ས་ཁུལ་གྱི་སྡོད་ཁང་ཁྲི་ལྷག་འཛུགས་སྐྲུན་བྱེད་པའི་ལས་གཞི་ནི་ད་ལོར་ཁྲའོ་ཞན་གྱི་འཛུགས་སྐྲུན་སྡེ་ཁག་གི་མདུན་དུ་ལྷགས་པའི་ལས་འགན་གཙོ་བོ་ཞིག་རེད། ལས་གཞི་དེ་ན་ནིང་ནས་བཟུང་ལག་བསྟར་བྱས་པའི་ཕེན་རང་གྲོང་ཁྱེར་གྱི་སྡོད་ཁང་འཛུགས་སྐྲུན་གྱི་རྒྱང་རིང་དམིགས་འབེན་གྱི་དུས་རིམ་གཉིས་པའི་བཟོ་སྐྲུན་རེད། ཅིན་ཀྲིན་ཨིན་གྱིས་བཟོ་སྐྲུན་བཟོ་བས་ཉིན་རེར་ཛ་དྲག་ཏུ་འགྱུར་བཞིན་པའི་དཔལ་འབྱོར་དཀའ་ཁག་ཁྱད་དུ་བསལ་ནས་ཕེན་རང་གྲོང་ཁྱེར་གྱི་སྡོད་དམངས་དག་གི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱེད་དགོས་པའི་རེ་བ་བཏོན། 

ཁྲའོ་ཞན་ངལ་རྩོལ་ཏང་གིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོར་བསྡུས་པའི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་གསར་པ་བཏོན་པ་དང་། དེའི་ནང་མ་འོངས་པའི་ལོ་ངོ་ལྔའི་ནང་ཕེན་རང་ནས་སྡོད་ཁང་ཁྲི་ལྔ་ལས་ཏེ་ས་དེའི་སྡོད་དམངས་ཀྱི་སྡོད་ཁང་དཀའ་ཁག་གནད་དོན་ཐག་གཅོད་བྱེད་རྒྱུ་འདུས་ཡོད། ཕེན་རང་ཤར་ལྷོའི་ཕྱོགས་ཀྱི་སཱ་ཏུང་ས་ཁུལ་གྱི་སྡོད་ཁང་ཁྲི་གཅིག་གི་འཛུགས་སྐྲུན་ལས་གཞི་ན་ནིང་ཟླ་གསུམ་པར་ལས་མགོ་བརྩམས་པ་དང་། མིག་སྔར་ལས་གཞི་དེ་ཡོངས་འགྲུབ་བྱེད་ལ་ཉེ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།