ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་སྲིད་གཞུང་གིས་གསལ་སྒྲོག་སྤེལ་ཏེ་བར་སྣང་བཀག་རྒྱ་བསྡམས་མེད་པ་གསལ་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་རྨང་གཞིའི་སྒྲིག་ཆས་པུའུ་ཡིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་ཕྱོགས་ཀྱིས་བར་སྣང་བཀག་རྒྱ་བསྡམས་མེད་པ་དང་། ཝུའུ་ཁི་ལན་དུ་ཚོང་གཉེར་བྱེད་བཞིན་པའི་མཁའ་འགྲུལ་ཀུང་ཟིར་ཚོད་འཛིན་བྱེད་ཐབས་ཀྱང་ལག་བསྟར་བྱས་མེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཝུའུ་ཁི་ལན་གྱིས་བར་སྣང་བཀག་རྒྱ་སྡོམ་རྒྱུའི་བཤད་ཚུལ་དེ་དོན་དངོས་མིན་ཞིང་། བར་སྣང་བཀག་རྒྱ་སྡོམ་པ་དེ་རྒྱལ་ཁབ་ཀྱི་བདག་དབང་ལ་གཏོགས་ཀྱང་། ཝུའུ་ཁི་ལན་སྲིད་གཞུང་གིས་ཆོད་དོན་དེ་འདྲ་སྤེལ་མེད་ལ། ཝུའུ་ཁི་ལན་གྱི་མཁའ་འགྲུལ་ཀུང་ཟི་ཆེན་མོ་དག་གིས་སྔར་བཞིན་རྒྱུན་ལྡན་ངང་ལས་གཉེར་བྱེད་བཞིན་ཡོད་ཟེར། 

ཝུའུ་ཁི་ལན་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་སྤྱིའི་ཉེན་ཚབ་ཀུང་ཟིས་ཚེས་བཅུ་གཉིས་ཉིན་ཝུའུ་ཁི་ལན་མཁའ་འགྲུལ་ཀུང་ཟིར་བརྡ་བཏང་སྟེ། དུས་ཚོད་ཞེ་བརྒྱད་ནང་ཝུའུ་ཁི་ལན་གྱི་མཁའ་ཁོངས་བརྒྱུད་པའི་གནམ་གྲུ་གཏོང་མཚམས་བཞག་སྟེ་ཉེན་ཚབ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་དོན་དེའི་ཐད་ནས་བསྟན་དོན། མིག་སྔར་ཉེན་ཚབ་ཚོང་རར་འཕེལ་འགྲིབ་བྱུང་བ་ལས་མཁའ་འགྲུལ་ཀུང་ཟི་སྐོར་ཞིག་ལ་དཀའ་ཁག་བཟོས་ཡོད་ལ། ཝུའུ་ཁི་ལན་ཕྱོགས་ཀྱིས་མཁའ་འགྲུལ་ཚོང་རར་དངུལ་ལོར་འགན་སྲུང་འདོན་སྤྲོད་བྱེད་རྩིས་ཡོད་པ་དང་། མིག་སྔར་འབྲེལ་ཡོད་ཀྱི་བྱེད་ཐབས་གཏན་འབེབས་བྱེད་བཞིན་ཡོད་ཟེར། 

གཞན་ཡང་ཝུའུ་ཁི་ལན་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། སི་ཕན་གྱི་མཱ་ཏི་ལི་ནས་ཅི་ཧྥུའུ་རུ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཚེས་བཅུ་གསུམ་ཉིན་མའོ་ཨར་ཏའོ་ཝ་ནས་བྲེལ་མྱུར་ངང་བབས་པས། ཕྱི་ཕྱོགས་ཀྱིས་དོན་དེའི་དབང་གིས་ཝུའུ་ཁི་ལན་ཕྱོགས་ཀྱིས་བར་སྣང་བཀག་རྒྱ་བསྡམས་ཡོད་པར་སེམས་ཁུར་བྱེད་བཞིན་ཡོད། ཧི་ལན་གྱི་མཁའ་འགྲུལ་ཀུང་ཟི་ཞིག་གིས་ཀྱང་བསྟན་དོན། གནས་བབ་ཀྱི་ཤུགས་རྐྱེན་དབང་གིས་ཝུའུ་ཁི་ལན་བར་གྱི་གནམ་གྲུ་གཏོང་ཐེངས་གནས་སྐབས་སུ་མཚམས་བཞག་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།