ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་དང་དབྱིན་ཇིའི་འབྲེལ་བ་དེ་འདྲ་མཉམ་གྲོས་མོལ་ལ་བརྟེན་ན་ད་གཟོད་རྒྱུན་ལྡན་ཅན་དུ་འགྱུར་ཐུབ་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་ཉིན་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཐི་ལཱ་སི་དང་མཉམ་དུ་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་ནས་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཝུའུ་ཁི་ལན་གྱི་གནས་བབ་སོགས་ལ་གྲོས་བསྡུར་བྱས། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སི་དང་དབྱིན་ཇིའི་འབྲེལ་བ་དེ་འདྲ་མཉམ་གྲོས་མོལ་ལ་བརྟེན་ན་ད་གཟོད་རྒྱུན་ལྡན་ཅན་དུ་འགྱུར་ཐུབ་པ་ཡིན། ཐེངས་འདིའི་ཨུ་རུ་སི་དང་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་ལ་སྔ་ན་མེད་པའི་དོན་སྙིང་ལྡན། རྒྱུ་མཚན་ནི་མིག་སྔར་ཨུ་རུ་སི་དང་དབྱིན་ཇིའི་འབྲེལ་བ་དེ་ཉེ་བའི་ལོ་འགའི་རིང་གི་ཆེས་དམའ་བའི་ཚད་དུ་བསླེབས་ཡོད་ལ། ཨུ་རུ་སིའི་ཕྱོགས་དོན་དེར་ཡིད་ཚིམས་མེད་པར། ཨུ་རུ་སི་དང་དབྱིན་ཇི་ཕྱོགས་གཉིས་ཀྱི་མཉམ་ལས་རྐྱེན་སྲོལ་སླར་གསོ་བྱེད་པར་རེ་བཞིན་ཡོད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། དབྱིན་ཇིའི་ཕྱོགས་ཀྱིས་ཨུ་རུ་སིའི་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པའི་དམིགས་ཡུལ་བཟུང་ནས་ཨུ་རུ་སི་རུ་འཚམས་འདྲི་བྱས་ན། ང་ཚོས་ཀྱང་དེར་མཚུངས་ཀྱི་རྣམ་འགྱུར་སྟོན་སྲིད་ཟེར། 

གཞན་ཡང་ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སི་ཡིས་ནམ་རྒྱུན་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ་ལག་བསྟར་བྱེད་བཞིན་ཡོད། ཁོས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་དེ་ཨུ་རུ་སིར་ཚོད་འཛིན་བྱེད་པའི་ཡོ་བྱད་ཙམ་དུ་བྱས་ནས། བྱེད་ཐབས་དེ་ལས་ཝུའུ་ཁི་ལན་རང་སྟེང་གི་འཕེལ་རྒྱས་ལ་གནོད་པ་བཟོ་སྲིད་པར་བསམ་བློ་གཏན་ནས་མ་བཏང་བར་སྐྱོན་བརྗོད་བྱས། 

ཐི་ལཱ་སི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གལ་ཏེ་ཨུ་རུ་སི་ཡིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པར་གདམ་གསེས་མ་བྱས་ན་མཇུག་འབྲས་ཚབས་ཆེན་འབྱུང་སྲིད། ཁོ་མོས་ད་རུང་ནན་གྱིས་བསྟན་དོན། ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་སྲིད་ཀྱང་། ཁོ་མོའི་ཐེངས་འདིའི་འཚམས་འདྲི་སྔར་བཞིན་ཝུའུ་ཁི་ལན་གྱི་མཐའ་མཚམས་གནས་བབ་ཛ་དྲག་ཏུ་འགྱུར་བའི་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་བརྩོན་ལེན་བྱེད་བཞིན་ཡོད་ཟེར། 

ཐི་ལཱ་སི་ཟླ་གཉིས་པའི་ཚེས་དགུ་ཉིན་མའོ་སི་ཁོ་རུ་འབྱོར་ནས། ཨུ་རུ་སིར་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།