ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་གིས་ཚེས་བརྒྱད་ཉིན་སྤེལ་བའི་སྙན་ཞུ་ལྟར་ན། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཀྱང་། མི་རྣམས་ལ་སྔར་བཞིན་བདེ་འཇགས་མིན་པའི་ཚོར་སྣང་ཡོད་ཟེར། སྙན་ཞུ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ནས་མིའི་རིགས་ཀྱི་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་པའི་བདེ་འཇགས་མིན་པའི་སྣང་ཚུལ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
སྙན་ཞུ་ལས་བསྟན་དོན། མི་རྣམས་ཀྱི་བདེ་འཇགས་ཀྱི་ཚོར་སྣང་དེ་ལོ་རྒྱུས་ཀྱི་ཆེས་དམའ་བའི་ཚད་དུ་གནས་ཡོད་ཅིང་། བདེ་ཐང་ཆུ་ཚད་དང་རྒྱུ་འབྱོར། སློབ་གསོ་བཅས་ཀྱི་གྲུབ་འབྲས་ཅུང་མཐོན་པོ་ལོངས་སུ་སྤྱོད་པའི་མི་རྣམས་ལོ་བཅུའི་ཡར་སྔོན་ལས་སེམས་ཚེགས་ཇེ་ཆེར་གྱུར་ཡོད་ཟེར། སྙན་ཞུ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡང་བསྐྱར་འཕེལ་རྒྱས་ལ་གོ་བ་རྙེད་པར་བྱེད་པ་དང་། ཁྱད་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་པ་ནས་མགོ་བརྩམས་ཏེ། མིའི་རིགས་ཀྱི་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་པའི་བདེ་འཇགས་མིན་པའི་ཚོར་སྣང་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གི་དབུ་བཞུགས་བསྡོམས་རྩིས་པ་ཀྲང་ཡུན་ཁྲོན་གྱིས་བསྟན་དོན། ཡོང་འབབ་དང་གོ་སྐབས་འདྲ་མཉམ་མིན་པ་དང་། དྲག་ཤུགས་འཁྲུག་རྩོད་བྱུང་བ། མཐོ་གསར་ཚན་རྩལ་ལས་བཟོས་པའི་གྲངས་ལྡན་བེད་སྤྱོད་དོ་མི་མཉམ་པ། དྲ་རྒྱའི་ཉེས་སྤྱོད་བཟོ་བ། དེ་མིན་སྤྱི་བའི་འཕྲོད་བསྟེན་གྱི་བདེ་འཇགས་སོགས་ནི་མི་རྣམས་ལ་བདེ་འཇགས་མིན་པའི་ཚོར་བ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་རེད་ཟེར། ཉེ་བའི་ལོ་འགའི་རིང་ལ། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་མི་རྣམས་ལ་ཡོངས་ཁྱབ་ཏུ་བདེ་འཇགས་མིན་པའི་ཚོར་སྣང་བྱུང་ཡོད། ང་ཚོའི་སྙན་ཞུ་ལས་རྣམ་པར་ཞིབ་འཇུག་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་ལས་འཛམ་གླིང་ཡོངས་ཀྱི་ཆ་སྙོམས་ཚེ་ཚད་ལོ་གཅིག་དང་ཕྱེད་ཀས་ཇེ་ཉུང་དུ་སོང་ཡོད་ལ། དེ་ནི་ཧ་ལས་དགོས་པའི་སྣང་ཚུལ་ཞིག་རེད་ཟེར།
ཀྲང་ཡུན་ཁྲོན་གྱིས་ནན་གྱིས་བསྟན་དོན། མིག་སྔར་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་དང་གནོན་ཤུགས། འཇིགས་ཉེན་བཅས་ཕྱོགས་མང་བོ་ན་ཡོད་པས། ཐག་གཅོད་ཇུས་གཞི་ཡང་ཕྱོགས་མང་བོར་འབྲེལ་དགོས། ཡིན་ཡང་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པ་དེ་བདེ་འཇགས་མིན་པའི་ཚོར་སྣང་མེད་པར་གཏོང་བར་གལ་འགངས་ཧ་ཅང་ཆེ་བ་དང་། འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ་ཆེན་མོ་མེད་ན་རྒྱུན་མཐུད་རང་བཞིན་གྱི་ཐག་གཅོད་ཇུས་གཞི་ཞིག་ཡོད་མི་སྲིད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གིས་གཅིག་སྟོང་དགུ་བརྒྱ་གོ་བཞིའི་ལོའི་མིའི་རིགས་ཀྱི་འཕེལ་རྒྱས་སྙན་ཞུའི་ཁྲོད་ཐོག་དང་པོར་མིའི་རིགས་ཀྱི་བདེ་འཇགས་ཀྱི་མཚན་ཉིད་བཏོན་པ་དང་། མིའི་རིགས་ཀྱི་བདེ་འཇགས་ནི་འཇིགས་སྣང་དང་སེམས་ཁུར་མེད་པའི་ཁྱབ་ཁོངས་སུ་གཏན་འཁེལ་བྱས་ཡོད།