ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་འཇར་མན་གྱི་མགོ་ཁྲིད་པས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་མཐུན་སྒྲིལ་བྱེད་དགོས་པ་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བདུན་ཉིན་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་མཐུན་སྒྲིལ་བྱེད་དགོས་པ་ནན་གྱིས་བསྟན་ཀྱང་། བྱང་ཆུ་གཉིས་པ་ཞེས་པའི་རང་བྱུང་སོལ་རླངས་སྦུག་ལམ་གྱི་ལས་གཞི་སོགས་གནད་འགག་གི་གནད་དོན་ཐད་ནས་གསལ་བཤད་ཞིབ་ཏུ་བྱས་མེད། 

པེད་ཏིན་གྱིས་ཉིན་དེར་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁས་འཇར་མན་སོགས་མནའ་མཐུན་གྲོགས་པོའི་བར་མཉམ་ལས་ཟབ་མོ་བྱེད་བཞིན་ཡོད་པ་དང་། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་མཐའ་མཚམས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་བརྩོན་ལེན་བྱེད་བཞིན་ཡོད་ཟེར། པེད་ཏིན་གྱིས་བཤད་རྒྱུར། གལ་ཏེ་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ལ་བཙན་འཛུལ་བྱེད་ན། ཨ་མེ་རི་ཁ་དང་འཇར་མན་རྒྱལ་ཁབ་གཉིས་དང་བྱང་ཆིངས་རྩ་འཛུགས་ཀྱིས་མཉམ་དུ་རྒོལ་ལན་སྤྲོད་ངེས་ཡིན། དེ་ལས་གཞན་ཨུ་རུ་སི་ནས་པའོ་ལོ་ཏིས་མཚོ་ཁོངས་བརྒྱུད་དེ་འཇར་མན་དུ་འདྲེན་པའི་རང་བྱུང་སོལ་རླངས་ཀྱི་བྱང་ཆུ་གཉིས་པའི་ལས་གཞིར་སྐུལ་འདེད་གཏོང་རྒྱུ་མིན་ཟེར་ཡང་། ཁོས་ཨ་མེ་རི་ཁས་འཇར་མན་དང་ཨུ་རུ་སིའི་བར་གྱི་མཉམ་ལས་ལས་གཞི་དེ་ཇི་ལྟར་མཚམས་བཞག་པའི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ་མེད། 

ཧྲའོ་ཨར་ཚི་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། འཇར་མན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་དང་དེའི་བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་གྲོགས་པོས་ངེས་པར་དུ་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་མིག་སྔའི་གནས་བབ་ལ་ཁ་གཏད་འཇལ་དགོས་པ་དང་། དེའི་ཞོར་དུ་ཕྱོགས་སོ་སོས་ཕྱི་འབྲེལ་གྱི་བྱེད་ཐབས་གང་རུང་སྤྱད་དེ་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་དགོས་ལ། མུ་མཐུད་དུ་བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སིའི་གྲོས་མོལ་རྐྱེན་སྲོལ་ལ་བརྟེན་ནས་ཡོ་རོབ་གླིང་གི་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་ཡོ་རོབ་གླིང་གི་བདེ་འཇགས་གནད་དོན་ལ་གྲོས་བསྡུར་བྱེད་དགོས་ཟེར། 

གསར་འགོད་པའི་ཡང་ཡང་དྲི་བ་བཏོན་ཡང་། ཧྲའོ་ཨར་ཚི་ཡིས་བྱང་ཆུ་གཉིས་པའི་རང་བྱུང་སོལ་རླངས་སྦུག་ལམ་གྱི་ལས་གཞི་མཚམས་འཇོག་རྒྱུ་ཁས་ལེན་གསལ་བོ་མ་བྱས་པར་ཨ་མེ་རི་ཁ་དང་མཉམ་དུ་འགུལ་སྐྱོད་སྤེལ་རྒྱུའི་ཚུལ་བསྟན། ཁོས་བཤད་རྒྱུར། འཇར་མན་སྲིད་གཞུང་གིས་འབྲེལ་ཡོད་ཀྱི་འཆར་གཞི་གཏན་འབེབས་བྱས་ནས་ལག་བསྟར་བྱེད་བཞིན་ཡོད་ལ། དག་གཙང་ནུས་ཁུངས་ཀྱི་འཕེལ་བསྒྱུར་ལ་སྐུལ་འདེད་གཏོང་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།