ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་དུས་ལྟར་སྤེལ་མ་ཐུབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་དེ་ཚེས་བདུན་ཉིན་ཆབ་སྲིད་ཕྱོགས་ཁག་མང་བོའི་ངོ་རྒོལ་དབང་གིས་བདེ་བླག་ངང་སྤེལ་མ་ཐུབ་པ་དང་། གྲོས་ཚོགས་སྐབས་སུ་སྤེལ་བར་ཐག་བཅད་ཡོད་པའི་དབྱི་རག་གི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཡང་རྩིས་མེད་དུ་བཏང་ཡོད། 

རྒྱལ་དམངས་གྲོས་ཁང་གི་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཉིན་དེར་ཞུགས་པའི་གྲོས་མིའི་ཁ་གྲངས་བཅའ་ཁྲིམས་ཀྱི་གཏན་འཁེལ་དུ་བསླེབས་མེད་པས། ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་རྩིས་མེད་དུ་མི་གཏོང་ཐབས་མེད་རེད། མིག་སྔར་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་དུས་ནམ་ཞིག་ལ་སྤེལ་བའི་གནས་ཚུལ་བསྒྲགས་མེད། 

དབྱི་རག་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་གཏན་འཁེལ་ལྟར་ན། གྲོས་ཁང་གི་སུམ་ཆའི་གཉིས་ཡན་གྱི་གྲོས་མི་སྟེ་གྲོས་མི་ཉིས་བརྒྱ་དང་ཉི་ཤུ་ཞུགས་པའི་གནས་ཚུལ་འོག་ད་གཟོད་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་ཆོག་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།