ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཨ་མེ་རི་ཁས་དོན་དངོས་བྱ་སྤྱོད་སྤེལ་ཏེ་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་བདུན་ཉིན་བསྟན་དོན། དབྱི་ལིང་གིས་ཨ་མེ་རི་ཁས་དོན་དངོས་བྱ་སྤྱོད་སྤེལ་ཏེ་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བ་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་ལག་བསྟར་བྱེད་པར་སྒུག་ཡོད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་སོ་སོའི་འཐུས་ཚབ་ཚོགས་པ་ཚེས་བརྒྱད་ཉིན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་རུ་ལོག་རྒྱུ་ཡིན་པ་དང་། དབྱི་ལིང་གིས་ཨ་མེ་རི་ཁས་དགོས་ངེས་ཀྱི་ཆོད་དོན་སྤེལ་བར་རེ་ཡོད་ལ། དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བ་ནི་གནད་འགག་གི་གྲོས་གཞི་ཡིན། དབྱི་ལིང་གིས་ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བའི་གནད་དོན་ཐད་ནས་མངོན་གསལ་གྱི་གྲོས་རིམ་ཁྱེར་ནས་ཕྱིར་ཝེ་ཡེ་ནཱ་རུ་ལོག་པར་རེ་བཞིན་ཡོད་པར་མ་ཟད། གྲོས་མོལ་བྱེད་འདོད་ཡོད་པའི་རྣམ་འགྱུར་དེ་དོན་དངོས་བྱ་སྤྱོད་དུ་བསྟར་དགོས་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བཤད་རྒྱུར། དབྱི་ལིང་གིས་ཡིད་རྟོན་རུང་བའི་གྲོས་མཐུན་ཞིག་འགོད་པར་བརྩོན་ལེན་བྱེད་བཞིན་ཡོད་པ་དང་། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་གཉིས་གཉིས་གསུམ་གཅིག་དང་འགལ་བའི་བྱ་སྤྱོད་སྤེལ་བར་རིན་དོད་གཏོང་དགོས་ལ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་ཡོ་རོབ་གླིང་གི་འབྲེལ་ཡོད་ཕྱོགས་ཀྱིས་ཨ་མེ་རི་ཁའི་ཆིངས་ཡིག་ལག་བསྟར་གནད་དོན་ཐད་ཀྱི་རྒྱུན་ལྡན་མིན་པའི་བྱ་སྤྱོད་རྒོལ་ལན་སྤྲོད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།