ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཧྥ་རན་སིའི་འགོ་ཁྲིད་མི་སྣས་ཝུའུ་ཁི་ལན་གནས་བབ་སོགས་གནད་དོན་ཐད་ནས་ཡང་བསྐྱར་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་གསུམ་ཉིན་ཁ་ཆད་ལྟར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཁ་པར་བཏང་ནས། ཝུའུ་ཁི་ལན་གནས་བབ་དང་ཨུ་རུ་སིའི་བདེ་འཇགས་འགན་སྲུང་སོགས་གནད་དོན་ལ་གྲོས་སྡུར་བྱས།

ཁི་ལེ་མུའུ་ལེན་ཕོ་བྲང་དྲ་ཚིགས་སྟེང་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣས་ཝུའུ་ཁི་ལན་གནས་བབ་དང་ནུབ་ཕྱོགས་ཀྱིས་ཨུ་རུ་སི་ལ་བཅའ་ཁྲིམས་ཀྱི་བཀག་སྡོམ་ཡོད་པའི་ཡུན་རིང་གི་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པ་སོགས་ཀྱི་གནས་དོན་ཐད་ནས་གྲོས་སྡུར་བྱས། ཕྱོགས་གཉིས་ཀྱིས་ཉེ་དུས་རྒྱལ་སྤྱིའི་གྲོགས་པོ་རྒྱལ་ཁབ་ཁ་ཤས་བར་གྱི་འབྲེལ་འདྲིས་དང་ཧྥ་རན་སིས་ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཁུར་བ་སོགས་གནས་ཚུལ་ལ་ཟུང་འབྲེལ་བྱས་ནས། མིག་སྔར་གནས་བབ་ཀྱི་གདེང་འཇོག་ཐད་ནས་བརྗེ་རེས་བྱས།

དེ་ནི་ཉིན་འགའི་རིང་ཕུའུ་ཅིན་གྱིས་ཝུའུ་ཁི་ལན་གནས་བབ་སོགས་གནས་ཚུལ་ཐད་ནས་མཱ་ཁི་ལུང་ལ་ཁ་པར་གཏོང་ཐེངས་གསུམ་པ་ཡིན།

ཉེ་ལམ། ཨུ་རུ་སི་དང་ཝུའུ་ཁི་ལན་གཉིས་ཀྱི་འབྲེལ་བ་མྱུར་དུ་ཇེ་བཙོག་ལ་འགྲོ་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་དམག་དོན་མི་སྣ་དང་དམག་ཆས་མང་པོ་བཀོད་སྒྲིག་བྱས། ཨ་མེ་རི་ཁ་དང་ཝུའུ་ཁི་ལན། བྱང་ཆིངས་རྩ་འཛུགས་བཅས་ཀྱིས་ཨུ་རུ་སིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་སུ་དམག་དཔུང་བསྡུ་རུབ་བྱས་དོན་ནི་ཝུང་ཁི་ལན་ལ་བཙན་འཛུལ་བྱེད་རྒྱུའི་གྲ་སྒྲིག་ཡོད་ཅེས་བཤད་ན་ཡང་། ཨུ་རུ་སིས་ཕྱོགས་ཀྱི་བཤད་ཕྱོགས་དེ་ཁས་མ་བླངས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།