ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་རྒྱལ་དོན་བློན་ཆེན་གྱིས་ལུཊ་རྙིང་ལོ་གསར་ལ་ཤིས་ཚིག་འདི་འདྲ་ཕུལ་འདུག

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2022-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ཟླ་1ཚེས་31ཉིན་གྱི་ལུགས་རྙིང་གནམ་གང་ཉིན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲ་ཚིགས་ཐོག་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་གྱིས་ལུགས་རྙིང་ལོ་གསར་སྐོར་ལ་སྤེལ་བའི་གསར་འགྱུར་སྤྱི་བསྒྲགས་བཀོད་ཡོད།

སྤྱི་བསྒྲགས་ཀྱི་ནང་དོན་ཆ་ཚང་གཤམ་གསལ་ལྟར། 

ངས་ཨ་རི་དང་འཛམ་གླིང་ས་གནས་ཁག་གི་ཟླ་2ཚེས་1ཉིན་གྱི་ལུགས་རྙིང་ལོའི་ལོ་གསར་ལ་རོལ་མཁན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་ཞུ་རྒྱུ་ཡིན། 

ལོ་རྙིང་ཕར་ལ་སྐྱེལ་ཞིང་ལོ་གསར་ཚུར་ལ་བསུ་བའི་སྐབས་འདིར། ཨ་རིས་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན། ང་ཚོས་རྒྱལ་ཁབ་དང་མི་དམངས་ཡོངས་ཀྱིས་ང་ཚོ་དང་མཉམ་དུ་མི་རབས་རྗེས་མར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་ཧུར་ཐག་བསྐྲུན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། 

སྟག་གི་ལོ་འདིར།  སྐྱེ་འགྲོ་ཀུན་ལ་གོ་སྐབས་དང་། རྒྱལ་ཁ། བདེ་ཐང་བཅས་ཡོང་བའི་སྨོན་འདུན་ཞུ། 

 

གཞན་ཡང་། པུའུ་ལིན་ཁེན་གྱིས་ཉིན་དེར་ད་དུང་མི་སྒེར་གྱི་སྤྱི་ཚོགས་འབྲེལ་བའི་དྲ་བའི་ཐོག་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་གཏམ་སྤེལ་ཡོད་ཅིང་། དེའི་ནང་དོན་ནི་གསར་འགྱུར་སྤྱི་བསྒྲགས་དང་ཧ་ལམ་གཅིག་མཚུངས་ཡིན་པ་རེད།

ན་ནིང་གི་ཟླ་2ཚེས་11ཉིན། པུའུ་ལིན་ཁེན་གྱིས་ཀྱང་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ཕྱོགས་དྲ་བ་བརྒྱུད་གསར་འགྱུར་སྤྱི་བསྒྲགས་སྤེལ་ཞིང་། འཛམ་གླིང་ས་གནས་ཁག་གི་གྲོགས་པོ་ཚོར་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་དང་།  དེའི་ནང་དོན་ནི་ད་ལོའི་སྤྱི་བསྒྲགས་དང་ཕལ་ཆེར་གཅིག་མཚུངས་ཡིན་པ་རེད།

རྩོམ་སྒྲིག་པ། : གསང་བདག་རྒྱལ།