ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གིས་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་གནས་བབ་སོགས་གནད་དོན་ལ་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་གྱིས་ཚེས་གཅིག་ཉིན་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཁ་པར་བཏང་ནས། ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་སྡུར་བྱས།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་ལའེ་སི་ཡིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ལྟར་ན། པུའུ་ལིན་ཁིན་གྱིས་ཁ་པར་ནང་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཕྱོགས་གཉིས་དང་ཨ་མེ་རི་ཁའི་མནའ་འབྲེལ་གྲོགས་པོའི་རྒྱལ་ཁབ་ཞུགས་པའི་ཕྱོགས་མང་གྲོས་མོལ་བརྒྱུད་དེ། ཨ་མེ་རི་ཁ་དང་ཨུ་རུ་སི་ཕན་ཚུན་གྱི་བདེ་འཇགས་དང་འབྲེལ་བའི་གནས་ཚུལ་ཐད་ནས་མུ་མཐུད་དུ་དོན་དངོས་རང་བཞིན་ལྡན་པའི་བསམ་ཚུལ་བརྗེ་རེས་བྱེད་འདོད་ཡོད་ཟེར། པུའུ་ལིན་ཁིན་གྱིས་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་བདག་དབང་དང་རྒྱལ་ཁོངས་ཆ་ཚང་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་ཡང་བསྐྱར་གསལ་བཤད་བྱས་པ་དང་། ཨུ་རུ་སིས་མྱུར་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ཀྱི་བྲེལ་མྱུར་གནས་བབ་ཐག་གཅོད་པ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ནས་དམག་དཔུང་དང་དམག་ཆས་ཕྱིར་འཐེན་བྱེད་པ་མ་ཟད། ཕྱི་འབྲེལ་བྱེད་ཐབས་བརྒྱུད་དེ་མིག་སྔའི་ཉེན་ཁ་ཐག་གཅོད་རྒྱུའི་སྐུལ་འདེད་བཏང་།

གསལ་བསྒྲགས་ནང་བཤད་རྒྱུར། ཐེངས་འདིར་ཁ་པར་གཏོང་དོན་ནི་ཨ་མེ་རི་ཁས་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་ཨུ་རུ་སིའི་འབྲེལ་ཡོད་བདེ་འཇགས་འགན་སྲུང་གྲོས་གཞིའི་ཐད་ནས་ཨུ་རུ་སིའི་ཕྱོགས་ལ་ཡིག་ཐོག་གི་ལན་སྤྲད་པར་རྗེས་སྙེག་རྒྱུ་དེ་ཡིན། པུའུ་ལིན་ཁིན་གྱིས་ཉེ་སྔོན་བསྟན་དོན། ཨ་མེ་རི་ཁས་ཡིག་ཆའི་ནང་ཕྱི་འབྲེལ་གྱི་རྣམ་པ་བརྒྱུད་དེ་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་པའི་བྱེད་ཐབས་ཤིག་འདོན་སྤྲོད་བྱས་པ་དང་། ཨུ་རུ་སིའི་བྱ་སྤྱོད་དེས་ཨ་མེ་རི་ཁ་དང་ཨ་མེ་རི་ཁའི་མནའ་མཐུན་རྒྱལ་ཁབ་དང་གྲོགས་པོ་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་གནོད་པ་བཟོ་ངེས་པའི་སེམས་ཁྲལ་མངོན་པར་བྱས་ཡོད་ཟེར།

ཉེ་ལམ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འབྲེལ་བ་ཇེ་སྡུག་ཏུ་འགྱུར་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་དམག་དོན་མི་སྣ་དང་དམག་ཆས་མང་པོ་བཀོད་སྒྲིག་བྱས་ཡོད། ཨ་མེ་རི་ཁ་དང་ཝུའུ་ཁི་ལན། བྱང་ཆིངས་རྩ་འཛུགས་བཅས་ཀྱིས་ཨུ་རུ་སིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་སུ་དམག་དཔུང་བསྡུ་རུབ་བྱས་པའི་དམིགས་འབེན་ནི་ཝུའུ་ཁི་ལན་ལ་བཙན་འཛུལ་བྱ་རྒྱའི་ཆེད་ཡིན་སྲིད་ཅེས་བཤད་ན་ཡང་། ཨུ་རུ་སི་ཕྱོགས་ཀྱིས་བཤད་ཐབས་དེ་ཁས་མ་བླངས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།