ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་དབྱི་ལང་གི་འགོ་ཁྲིད་པས་དབྱི་ལང་གི་ཉིང་རྡུལ་གནད་དོན་སྐོར་ནས་ཁ་པར་་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་ཨེ་ལེ་ཧྲིག་ཕོ་བྲང་གིས་ཚེས་སུམ་ཅུ་ཉིན་གསར་འགྱུར་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་ཉེར་དགུ་ཉིན་དབྱི་ལང་གི་ཙུང་ཐུང་ལའེ་ཞི་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་དབྱི་ལང་གི་ཉིང་རྡུལ་གནད་དོན་དང་ཝེ་ཡེ་ནཱའི་གྲོས་མོལ་གྱི་འཕེལ་རིམ་སོགས་ལ་གྲོས་མོལ་བྱས་ཟེར།

སྤྱི་བསྒྲགས་ནང་བཤད་རྒྱུར། ཉིས་སྟོང་བཅོ་ལྔ་ལོར་གྲོས་མཐུན་བྱུང་བའི་དབྱི་་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་སྐོར་གླེང་སྐབས། མཱ་ཁི་ལུང་གིས་ཧྥ་རན་སིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལང་གི་ཉིང་རྡུལ་གནད་དོན་ཐག་གཅོད་རྒྱུ་ནི་ལེགས་འགྲུབ་འབྱུང་སྲིད་ལ་དགོས་མཁོ་ཆེ་བ་ཞིག་ཡིན་པར་འདོད་ཅེས་བསྐྱར་བསྒྲགས་བྱས། ཁོས་བཤད་རྒྱུར། གྲོས་ཆོད་གང་ཞིག་ཡིན་རུང་ཕྱོགས་གཉི་གས་མངོན་པར་གསལ་ཞིང་ཞིབ་ཅིང་ཕྲ་བའི་དམ་བཅའ་འཇོག་དགོས། ཧྥ་རན་སིས་དེའི་ཆེད་དུ་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱེད་བཞིན་ཡོད། ཝེ་ཡེ་ནཱའི་གྲོས་མོལ་སླར་གསོ་བྱས་ཏེ་ཟླ་འགའ་འགོར་ཡོད་པས། གྲོས་མོལ་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས་མྱུར་དུ་དོན་དངོས་ཀྱི་གྲུབ་འབྲས་ལེན་དགོས་ཟེར། མཱ་ཁི་ལུང་གིས་དབྱི་ལང་ཕྱོགས་ཀྱིས་འཛུགས་སྐྲུན་རང་བཞིན་གྱི་རྣམ་འགྱུར་བཅངས་ནས་ཡང་བསྐྱར་རང་གི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུའི་རེ་བ་བཏོན།

ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱིས་དབྱི་ལང་ཕྱོགས་ཀྱིས་བསྒྲགས་པའི་གསར་བསྒྲགས་ཤིག་བརྒྱུད་འགོད་བྱས་པ་ལྟར་ན། ཁ་པར་ལས་གྲོས་མོལ་བྱེད་སྐབས། ལའོ་ཞི་ཡིས་གྲོས་ཆོད་འགོད་རྒྱུའི་འདོད་བློ་བསྟན་པ་དང་། འབྲེལ་ཡོད་ཕྱོགས་ཀྱིས་དབྱི་ལང་ལ་བཀག་སྡོམ་བྱེད་མཚམས་འཇོག་པ་སོགས་ཀྱི་གནད་དོན་ཐག་གཅོད་པར་འབད་བརྩོན་བྱེད་རྒྱུའི་རེ་བ་བཏོན་ཟེར།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར། དབྱི་ལང་གིས་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ་དང་འཇར་མན་བཅས་བར་དུ་དབྱི་ལང་ཉིང་རྡུལ་གྲོས་ཆོད་བཀོད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་པར། ཨ་མེ་རི་ཁའི་སྲིད་གཞུང་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་པའི་གྲལ་ནས་ཕྱིར་བུད་དེ། དབྱི་ལང་ལ་གསར་དུ་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པ་སྤྱད། ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་པའི་ཚུན་ལ། དབྱི་ལང་གིས་རིམ་བཞིན་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཀྱི་དོན་ཚན་ཁག་ཅིག་ལག་བསྟར་བྱེད་མཚམས་བཞག་པ་དང་། གནས་ཚུལ་གྱི་འགྱུར་ལྡོག་ལ་བལྟས་ཏེ་ཡང་བསྐྱར་ལག་བསྟར་བྱས་ཆོག་ཅེས་བཤད།

དབྱི་ལང་ཉིང་རྡུལ་གྲོས་ཆོད་ཀྱི་འབྲེལ་ཡོད་ཕྱོགས་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་པ་ནས་བཟུང་ཝེ་ཡེ་ནཱ་ནས་གྲོས་མོལ་བྱས་ཏེ། ཨ་མེ་རི་ཁ་དང་དབྱི་ལང་རྒྱལ་ཁབ་གཉིས་ཀྱིས་གྲོས་ཆོད་ཡང་བསྐྱར་ལག་བསྟར་བྱེད་པའི་གནད་དོན་སྐོར་གླེང་། སྐོར་ཐེངས་བརྒྱད་པའི་གྲོས་མོལ་དེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་ཝེ་ཡེ་ནཱ་ནས་སྤེལ་འགོ་བརྩམས། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་འགུལ་སྐྱོད་ཧྲུའུ་ཡི་དྲུང་ཡིག་ཆེན་མོ་གཞོན་པ་མཱོ་ལཱ་ཡིས་བཤད་རྒྱུར། སྐོར་ཐེངས་བརྒྱད་པའི་གྲོས་མོལ་གནས་སྐབས་སུ་མཚམས་བཞག་པ་དང་། ཕྱོགས་སོ་སོའི་གྲོས་མོལ་མི་སྣ་རྣམས་ཕྱིར་རང་རྒྱལ་ཁབ་ཏུ་སོང་ནས་གྲོས་མོལ་བྱས་རྗེས་གཟའ་འཁོར་རྗེས་མར་ཕྱིར་ཡོང་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།