ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་དང་ཐེ་གོ་ཡིས་རྒྱུན་ལྡན་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་འཕྲིན་གཏོང་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཐེ་གོའི་ཙུང་ལི་པཱ་ཡུས་ཀྱིས་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱེད་པའི་སྐབས་སུ། སོ་ཏི་ཨ་རབ་དང་ཐེ་གོ་ཡིས་ཉིན་དེའི་དགོང་མོར་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པར་གྲོས་འཆམ་བྱུང་བ་དང་། རྒྱུན་ལྡན་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད་ཟེར། 

མཉམ་འབྲེལ་གསལ་སྒྲོག་ལས་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་དང་ཐེ་གོའི་ཙུང་ལི་པཱ་ཡུས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བ་ཡིད་འཐད་བྱུང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གཞུང་ཚབ་ཆེན་མོ་མངག་གཏོང་བྱེད་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་གྲོས་མོལ་རྐྱེན་སྲོལ་འཛུགས་པ་སོགས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱོད་པར་ཡིད་འཐད་བྱུང་ཡོད། 

འཚམས་འདྲི་བྱེད་སྐབས་པཱ་ཡུས་ཀྱིས་མུའུ་ཧན་མའོ་ཏི་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཐེ་གོ་ཡིས་སོ་ཏི་ཨ་རབ་བར་གྱི་མཛའ་བརྩེ་ལ་མཐོང་ཆེན་བྱེད་པ་དང་། སྔོན་ཆད་རྒྱུ་ནོར་རྩ་ཆེན་རྐུ་ལ་ཤོར་བའི་གྱོད་དོན་དབང་གིས་བྱུང་བའི་ཡ་ང་བའི་དོན་རྐྱེན་ལ་འཕང་སེམས་ཆེ་བའི་ཚུལ་བསྟན། པཱ་ཡུས་ཀྱིས་བསྐྱར་སྒྲོག་བྱས་དོན། ཐེ་གོ་ཡིས་འབད་པ་ཆེན་པོས་གྱོད་དོན་རྩད་གཅོད་བྱས་ཡོད། གལ་ཏེ་བདེན་དཔང་གསར་བ་བྱུང་ན། ཐེ་གོ་ཡིས་དུས་ངེས་མེད་དུ་གྱོད་དོན་དེ་ཐེ་གོའི་གཙོ་གཉེར་སྡེ་ཁག་ལ་གྲོས་ཞིབ་བྱེད་དུ་སྤྲོད་པར་གྲ་སྒྲིག་བྱས་ཡོད་ཟེར། 

སོ་ཏི་ཨ་རབ་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གྱུར་བར་དགའ་བསུ་ཞུས། མུའུ་ཧན་མའོ་ཏི་དང་པཱ་ཡུས་ཀྱིས་གྲོས་མོལ་བྱེད་སྐབས་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པའི་ཐབས་ལམ་ལ་གྲོས་བསྡུར་བྱས། 

གཞན་ཡང་ཐེ་གོའི་གསར་འགྱུར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐེ་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཐཱ་ནེ་ཡིས་ཚེས་ཉེར་དྲུག་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། པཱ་ཡུས་ཀྱི་ཐེངས་འདིའི་འགྲུལ་བཞུད་ནི་ལོ་རྒྱུས་རང་བཞིན་ལྡན་པའི་འཚམས་འདྲི་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་རྒྱུན་ལྡན་ཅན་དུ་གྱུར་ན་ཕྱོགས་གཉིས་ཀྱི་མི་སྣའི་འགྲོ་འོང་ཇེ་ཟབ་ཏུ་འགྲོ་སྲིད་ལ། ཐེ་གོའི་ཁེ་ལས་དང་ཐེ་གོའི་གནས་སྐོར་ལས་རིགས་ལ་ཕན་ཐོགས་ཡོད་ཟེར། 

མུའུ་ཧན་མའོ་ཏི་ཡིས་གདན་དྲངས་པ་ལྟར། པཱ་ཡུས་ཚེས་ཉེར་ལྔ་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་རུ་འབྱོར་ནས་འཚམས་འདྲི་བྱས་པ་རེད། དེ་ནི་གཅིག་སྟོང་དགུ་བརྒྱ་གྱ་དགུ་ལོའི་རྒྱུ་ནོར་རྩ་ཆེན་རྐུ་ལ་ཤོར་བའི་གྱོད་དོན་བྱུང་བའི་ཚུན་ལ། ཐེ་གོའི་མགོ་ཁྲིད་པས་ཐོག་དང་པོར་སོ་ཏི་ཨ་རབ་ཏུ་དངོས་གཞིའི་འཚམས་འདྲི་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།