ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དུས་རབས་ཉེར་གཅིག་པར་དམག་དོན་སྲིད་འགྱུར་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་ལྔ་ཉིན་པུ་ཁི་ནཱ་ཧྥ་སོ་ནས་ཉེ་སྔོན་བྱུང་བའི་དམག་དོན་སྲིད་འགྱུར་ཐད་ནས་ཡང་བསྐྱར་རྣམ་འགྱུར་བསྟན། དམག་དོན་སྲིད་འགྱུར་དེ་དུས་རབས་ཉེར་གཅིག་པར་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པ་ནན་གྱིས་བསྟན། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཁོས་པུ་ཁི་ནཱ་ཧྥ་སོ་ནས་བྱུང་བའི་དམག་དོན་སྲིད་འགྱུར་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཅིང་། དམག་དཔུང་གི་ནུས་པ་ནི་རྒྱལ་ཁབ་དང་མི་དམངས་ལ་སྲུང་སྐྱོབ་བྱེད་པ་ཡིན་པ་ལས་སྲིད་གཞུང་ལ་དཔུང་འཇུག་བྱེད་པ་དང་དབང་ཆའི་ཆེད་དུ་འཁྲུག་རྩོད་བྱེད་པ་མ་ཡིན། དུས་རབས་ཉེར་གཅིག་པར་དམག་དོན་སྲིད་འགྱུར་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་ནུབ་མ་ས་ཁུལ་དུ་འཇིགས་སྐུལ་རྩ་འཛུགས་ཡོད་པ་ལས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་ཐེབས་ཡོད། ས་ཁུལ་དེའི་རྒྱལ་ཁབ་ཀྱི་དམག་དཔུང་དག་གིས་དེའི་ཆེད་ལས་ལས་འགན་ཁུར་དུ་བླངས་ཏེ་རྒྱལ་ཁབ་ལ་སྲུང་སྐྱོབ་དང་དམངས་གཙོ་ལམ་ལུགས་བསྐྱར་འཛུགས་བྱེད་དགོས་ཟེར། 

པུ་ཁི་ནཱ་ཧྥ་སོའི་སྲིད་འགྱུར་དམག་མིས་ཚེས་ཉེར་བཞི་ཉིན་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གཏམ་བཤད་སྤེལ་ཏེ། དམག་ཕྱོགས་ཀྱིས་སྲིད་དབང་འཕྲོག་ལེན་བྱས་པ་དང་། ཙུང་ཐུང་ཁཱ་པའོ་ལོས་ཀྱི་ལས་འགན་བླངས་ཡོད་ཟེར། ཀུའུ་ཐི་ལོས་སི་ཡིས་ཉིན་དེར་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། དྲག་ཤུགས་ལ་བརྟེན་ནས་སྲིད་གཞུང་གི་དབང་ཆ་འཕྲོག་ལེན་བྱེད་པའི་བྱ་སྤྱོད་གང་རུང་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། སྲིད་འགྱུར་དམག་མིས་ཁཱ་པའོ་ལོས་ཀྱི་ཚེ་སྲོག་བདེ་འཇགས་དང་སྲིད་གཞུང་ལས་ཁུངས་ཀྱི་ཆ་ཚང་རང་བཞིན་ལ་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཕྱོགས་ཁག་སོ་སོས་རང་ཚོད་བཟུང་ནས་མྱུར་མོར་གྲོས་མོལ་སྤེལ་དགོས་པའི་སྐུལ་མ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།