ཀྲུང་གོ་བོད་ཀྱི་དྲ་བ།

ཁི་ཝེ་ཐི་ཡིས་ལེ་པཱ་ནུན་ལ་མཚོ་ཁུགས་ཨ་རབ་རྒྱལ་ཁབ་དང་ལེ་པཱ་ནུན་གྱིས་ཡིད་ཆེས་སླར་གསོ་བྱེད་པའི་གྲོས་གཞི་སྤྲད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁི་ཝེ་ཐིའི་ཕྱི་འབྲེལ་བློན་ཆེན་ཨེ་ཧཱ་མེད་ཏི་ཡིས་ཚེས་ཉེར་གསུམ་ཉིན་ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་ལ་མཚོ་ཁུགས་ཨ་རབ་རྒྱལ་ཁབ་དང་ལེ་པཱ་ནུན་གྱིས་ཡིད་ཆེས་སླར་གསོ་བྱེད་པའི་གྲོས་གཞི་སྤྲད། 

ལེ་པཱ་ནུན་གྱི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨོ་ཨིན་གྱིས་པེ་རུ་ཐིའི་ཉེ་འདབས་སུ་ཡོད་པའི་ཙུང་ཐུང་བཞུགས་ཤག་པཱ་པུའུ་ཏཱ་ཕོ་བྲང་ནས་ཨེ་ཧཱ་མེད་ཏི་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ལེ་པཱ་ནུན་གྱིས་མཚོ་ཁུགས་རྒྱལ་ཁབ་བར་འབྲེལ་བ་བཟང་བོ་སྲུང་འཛིན་བྱེད་འདོད་ཡོད་པ་དང་། ཕྱོགས་གཉིས་ཀྱི་རྒྱུན་ལྡན་འབྲེལ་བ་སླར་གསོ་བྱེད་པར་དམིགས་པའི་གྲོས་གཞི་གང་ཡིན་ལ་དགའ་བསུ་བྱེད་བཞིན་ཡོད་ཟེར། 

ཨོ་ཨིན་དང་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཨེ་ཧཱ་མེད་ཏི་ཡིས་ནན་གྱིས་བསྟན་དོན། ཁི་ཝེ་ཐི་ཡིས་ལེ་པཱ་ནུན་དེ་ཨ་རབ་རྒྱལ་ཁབ་བར་ངག་ཐོག་དང་དོན་དངོས་བྱ་སྤྱོད་ཀྱིས་གནོད་སྐྱེལ་བའི་སྟེགས་བུར་འགྱུར་མི་རུང་ཟེར། 

གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། གྲོས་གཞིར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་ནན་མོ་བྱེད་པ་དང་དུས་ལྟར་འདེམ་བསྐོའི་བྱ་འགུལ་སྤེལ་བ། མུ་མཐུད་དུ་གཅིག་སྟོང་དགུ་བརྒྱ་གྱ་དགུ་ལོར་བཀོད་པའི་ལེ་པཱ་ནུན་གྱི་ནང་འཁྲུག་མཇུག་སྒྲིལ་བའི་ཐཱ་དབྱེ་ཧྥུའུ་གྲོས་མཐུན་བརྩི་སྲུང་བྱེད་པ། མཚོ་ཁུགས་རྒྱལ་ཁབ་ཀྱི་ཕྱིར་གཏོང་ཚོད་འཛིན་ལ་ཤུགས་སྣོན་པ་དང་། དུག་རྫས་ལྐོག་འཚོང་སྔོན་འགོག་བྱེད་པ། ཕྱོགས་གཉིས་ཀྱི་བདེ་འཇགས་སྡེ་ཁག་གི་མཉམ་ལས་ལ་ཤུགས་སྣོན་པ་སོགས་འདུས། 

ཨེ་ཧཱ་མེད་ཏི་ཚེས་ཉེར་གཉིས་ཉིན་པེ་རུ་ཐི་རུ་འབྱོར་བ་དང་། ཁོས་ཉིན་དེར་ལེ་པཱ་ནུན་གྱི་ཙུང་ལི་མུས་ཁཱ་ཐིས་དང་གྲོས་མོལ་བྱས། དེ་ནི་ན་ནིང་ལེ་པཱ་ནུན་དང་མཚོ་ཁུགས་རྒྱལ་ཁབ་བར་ཕྱི་འབྲེལ་ཉམས་ཉེན་བྱུང་བའི་ཚུན་ལ། མཚོ་ཁུགས་རྒྱལ་ཁབ་ཀྱི་ཆེས་མཐོའི་དཔོན་རིགས་ཀྱིས་ཐོག་དང་པོར་ལེ་པཱ་ནུན་དུ་འཚམས་འདྲི་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།