ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་པའོ་ལོ་ཏི་མཚོ་ཁོངས་ཀྱི་གྲུ་གཟིངས་རུ་ཁག་གིས་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་དྲ་ཚིགས་ནས་ཚེས་ཉེར་བཞི་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་པའོ་ལོ་ཏི་མཚོ་ཁུགས་ཀྱི་གྲུ་གཟིངས་རུ་ཁག་གི་འཐབ་འཛིང་གྲུ་གཟིངས་དང་མཁོ་སྒྲུབ་གྲུ་གཟིངས་ཉི་ཤུ་གཏན་འཁེལ་བྱས་པའི་མཚོ་ཁོངས་སུ་སོང་སྟེ་དམག་དོན་སྦྱོང་བརྡར་ལ་ཞུགས་ཟེར། 

བསྒྲགས་པའི་གནས་ཚུལ་ལས་གྲུ་གཟིངས་དེ་དག་རྟེན་གཞི་དང་བྲལ་ནས་པའོ་ལོ་ཏི་མཚོ་ཁོངས་ཀྱི་གཏན་འཁེལ་བྱས་པའི་གནས་སུ་སོང་སྟེ་འཐབ་འཛིང་སྦྱོང་བརྡར་ལས་འགན་ལག་བསྟར་བྱེད་བཞིན་ཡོད། མཚོ་འོག་འགད་རྫས་འཚོལ་བའི་གྲུ་གཟིངས་དང་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་གྲུ་གཟིངས་ཆུང་གྲས། འཕུར་མདའ་ཅན་གྱི་གྲུ་གཟིངས་ཆུང་གྲས་སོགས་ཀྱིས་གྲུབ་པའི་འཐབ་རྩལ་གྲུ་གཟིངས་རུ་ཁག་གིས་དམག་དོན་སྦྱོང་བརྡར་བྱེད་སྐབས་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བ་དང་མཁའ་སྲུང་སོགས་དངོས་འཐབ་སྦྱོང་བརྡར་སྤེལ་རྒྱུ་རེད། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ཨུ་རུ་སིའི་མཚོ་དམག་གི་གྲུ་གཟིངས་རུ་ཁག་གིས་ད་ལོའི་ཟླ་དང་པོ་ནས་ཟླ་གཉིས་པའི་བར་དམག་དོན་སྦྱོང་བརྡར་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། རྒྱ་མཚོ་ལས་བྱུང་བའི་དམག་དོན་འཇིགས་ཉེན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། དམག་མི་ཁྲི་གཅིག་ཙམ་དང་འཐབ་འཛིང་གྲུ་གཟིངས་དང་མཁོ་སྒྲུབ་གྲུ་གཟིངས་བརྒྱ་དང་བཞི་བཅུ་ལྷག གནམ་གྲུ་དྲུག་ཅུ་ལྷག མཚོན་ཆ་དང་སྒྲིག་ཆས་སྟོང་གཅིག་ལྷག་བཅས་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུའི་འཆར་གཞི་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།