ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཡུལ་གྱར་པའི་ལས་དོན་པུའུ་ཡིས་ཀྲུང་གོའི་རོགས་སྐྱོབ་འབྲུ་རིགས་སྟེར་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ཡུལ་གྱར་པའི་ལས་དོན་པུའུ་ཡི་མགྲིན་ཚབ་པ་ཧཱ་ཁཱ་ཉི་ཡིས་ཚེས་ཉེར་གཉིས་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འབྲུ་རིགས་སྐོར་དང་པོ་སྟེར་སྐབས་གཙོ་བོ་ཆེས་དགོས་མཁོ་ཆེ་བའི་ཞིང་ཆེན་བཅུ་ལ་སྟེར་རྒྱུ་ཡིན་པ་དང་། དེའི་རྗེས་སུ་བསྟུད་མར་ཀྲུང་གོས་བྱིན་པའི་འབྲུ་རིགས་རྣམས་ཞིང་ཆེན་གཞན་དག་ལ་སྟེར་རྒྱུ་ཡིན་ཟེར།

ཧཱ་ཁཱ་ཉི་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་ལ་ཀྲུང་གོ་སྲིད་གཞུང་གིས་རོགས་སྐྱོབ་བྱས་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་སྐོར་མང་པོ་འབྱོར་བ་དང་། ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གིས་ཀྲུང་གོས་ཨ་ཧྥུའུ་ཧན་ལ་རོགས་སྐྱོབ་བྱས་པར་བཀའ་དྲིན་ཞུས་པ་ཡིན། ཡུལ་གྱར་པའི་ལས་དོན་པུའུ་ཡིས་ཀྲུང་གོས་བྱིན་པའི་རོགས་སྐྱོབ་དངོས་རྫས་དེ་དག་རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་མང་ཚོགས་ལ་སྟེར་རྒྱུ་ཡིན་ཟེར།

ཉེ་སྔོན། ཨ་ཧྥུའུ་ཧན་གྱི་ས་ཆ་མང་པོའི་མང་ཚོགས་ལ་བསྟུད་མར་ཀྲུང་གོ་སྲིད་གཞུང་གིས་བྱིན་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་འབྱོར། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཧྥ་ལེ་ཡཱ་པུའུ་ཞིང་ཆེན་གྱི་སྡོད་དམངས་ཨ་ཐིས་ཁུའུ་ལཱ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་གོའི་མི་དམངས་ནི་ཨ་ཧྥུའུ་ཧན་མི་དམངས་ཀྱི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན་ལ། ཀྲུང་གོས་རོགས་སྐྱོབ་བྱས་པའི་དགུན་བརྒལ་དངོས་རྫས་ཀྱིས་གྲང་ངར་གྱི་ཀློང་ནས་ས་དེའི་མང་ཚོགས་ལ་དྲོད་ཁོལ་གནང་སོང་ཟེར།

ཨ་ཧྥུའུ་ཧན་དུ་མིག་སྔར་མི་ཆོས་རིང་ལུགས་ཀྱི་ཉེན་ཁ་ཆེན་པོ་བྱུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ཨ་ཧྥུའུ་ཧན་དུ་ན་ནིང་གི་ཟླ་བཅུ་གཅིག་པའི་ཚུན་ལ་མི་བྱེ་བ་གཉིས་དང་ས་ཡ་གཉིས་འབུམ་བརྒྱད་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་ལ་འཕྲད་ཡོད་པ་དང་། མི་གྲངས་དེ་ཨ་ཧྥུའུ་ཧན་གྱི་མི་གྲངས་ཀྱི་ཕྱེད་ཀའི་ཡན་བརྒལ་ཡོད། ཀྲུང་གོ་སྲིད་གཞུང་གིས་ན་ནིང་གི་ཟླ་དགུ་པར་ཨ་ཧྥུའ་ཧན་ལ་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་གཉིས་ཀྱི་འབྲུ་རིགས་དང་དགུན་བརྒལ་དངོས་རྫས། འགོག་ཁབ་དང་སྨན་རྫས་སོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་བྲེལ་མྱུར་རོགས་སྐྱོབ་བྱེད་རྒྱུ་ཡིན་ཞེས་བསྒྲགས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།