ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཀྱིས་ཨ་མེ་རི་ཁས་ཀྲུང་གོའི་ཤན་ཤུགས་འགོག་རྒྱུ་དེ་འཐུས་ཚབ་ཚོགས་པའི་ལས་འགན་དང་གྲུབ་འབྲས་གཙོ་བོར་རྩིས་པ་ནི་དགོད་བྲོ་བའི་བྱ་སྤྱོད་རེད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཀྲང་ཅུན་གྱིས་ཚེས་ཉེར་གཅིག་ཉིན་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པས་ཀྲུང་གོའི་ཤན་ཤུགས་འགོག་རྒྱུ་དེ་འཐུས་ཚབ་ཚོགས་པའི་ལས་འགན་དང་གྲུབ་འབྲས་གཙོ་བོར་བརྩིས་པ་དེ་ནི་དགོད་བྲོ་བའི་བྱ་སྤྱོད་ཅིག་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པའི་དྲ་ཚིགས་ཀྱིས་ཚེས་ཉི་ཤུའི་ཉིན་ཨ་མེ་རི་ཁའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགོ་ཁྲིད་ནུས་པ་བསྐྱར་སྐྲུན་བྱེད་པའི་དོན་དངོས་གསལ་ཁྲ་ཞེས་པ་བསྒྲགས་ནས། ཉིས་སྟོང་ཉེར་གཅིག་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བའི་གྲུབ་འབྲས་ཟེར་བ་རེ་རེ་བཞིན་བཀོད་ལ། དེའི་ནང་དུ་ཐེངས་མང་པོར་ཀྲུང་གོར་ལུགས་མེད་སྐྱོན་འཛུགས་བྱས་ཡོད།

ཀྲང་ཅུན་གྱིས་བཤད་རྒྱུར། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་བཞག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་བྱས་པ། རྒྱལ་ཁབ་སོ་སོར་རོགས་རམ་བྱས་པ་བཅས་ནི་མིག་མཐོང་ལག་ཟིན་གྱི་དོན་དངོས་ངོ་མ་ཡིན། ཀྲུང་གོས་འཚོལ་སྙེག་བྱེད་པ་ནི་མཉམ་ལས་མཉམ་རྒྱལ་ཡིན་པ་ལས་རང་གཅིག་པུ་དར་བའི་ཆེད་མིན་ལ། འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་དེ་ཡིན་པ་ལས་གཞན་ལ་ཁྱད་གསོད་བྱེད་རྒྱུ་དེ་མིན་ཞིང་། དཀྱེལ་ཡངས་བཟོད་སྒོམ་བྱེད་རྒྱུ་དེ་ཡིན་པ་ལས་ཤོག་སྒྲིག་གྲོགས་འགུག་བྱེད་རྒྱུ་དེ་མིན་ལ། ཞི་བདེ་མཉམ་གནས་བྱེད་རྒྱུ་དེ་ཡིན་པ་ལས་རྩོད་གཞི་སློང་རྒྱུ་དེ་མིན། ཀྲུང་གོ་དུས་རབས་ཀྱི་འཕེལ་ཕྱོགས་དང་མཉམ་དུ་ལངས་ཡོད་པ་དང་། རྒྱལ་ཁབ་མང་ཆེ་ཤོས་དང་མཉམ་དུ་ལངས་ཡོད་པས། དྲང་བདེན་གྱི་སྟོབས་ཤུགས་དང་གོང་འཕེལ་གྱི་སྟོབས་ཤུགས། མཉམ་ལས་ཀྱི་སྟོབས་ཤུགས་བཅས་ཡིན། མི་ལ་ལས་རྒྱུན་དུ་མི་ལེགས་པའི་ཕྱོགས་ནས་ཀྲུང་གོར་ལྟ་ཚུལ་འཛིན་བཞིན་པ་དང་། ཐ་ན་ཀྲུང་གོའི་ནུས་པ་དང་ཤན་ཤུགས་ལ་བཀག་འགོག་བྱེད་བཞིན་ཡོད། གུ་དོག་པའི་བསམ་པ་ངན་པ་འདི་ནི་འཇམ་འཐབ་བསམ་གཞིགས་ཀྱི་མཚོན་རྟགས་ངོ་མ་ཡིན་ལ། འདིས་དེང་སྐབས་ཀྱི་འཛམ་གླིང་ལ་འཇིགས་སྣང་ཆེན་པོ་བཟོ་བཞིན་ཡོད་ཟེར།

ཁོས་བཤད་རྒྱུར། རྒྱལ་ཁབ་ཆེན་པོའི་མཉམ་ལས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་འོངས་པ་དང་འབྲེལ་ཡོད། འདས་པའི་ལོ་གཅིག་གི་རིང་ལ། རྒྱལ་སྤྱིའི་སྤྱི་ཚོགས་འགྲན་རྩོད་མང་པོར་འཕྲད་ཀྱང་མཉམ་ཤུགས་ཤིག་ཆགས་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་དེར་མུ་མཐུད་དུ་ཕྱོགས་གཅིག་རིང་ལུགས་དང་སྡེ་ཚོགས་ཆབ་སྲིད་ཀྱི་བར་ཆད་ཐེབས་པས་ཡིན། ཨ་མེ་རི་ཁས་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་སུ་ལོག་རྒྱུ་ཡིན་ཞེས་བསྒྲགས་ནའང་། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྟེང་ནུས་ཤུགས་བཏོན་མེད་པར། འདུ་ཤེས་འཛིན་སྟངས་ཀྱི་འགོག་རྒོལ་བྱེད་པར་སྤྲོ་བ་ཆེ་བ་དང་། ཀྲུང་གོ་སོགས་རྒྱལ་ཁབ་ཀྱི་ཤན་ཤུགས་མར་གནོན་བྱས་པ་དེས་ཚོགས་ཞུགས་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་དང་ཡིད་ཆེས་ལ་གཏོར་བརླགས་ཆེན་པོ་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་འདོན་པར་ཚོད་འཛིན་ཆེན་པོ་བྱས་ཡོད་ཟེར།

ཀྲང་ཅུན་གྱིས་བཤད་རྒྱུར། འཛམ་གླིང་མི་དམངས་ཀྱི་ཀླད་པ་གསལ་བོ་ཡིན་པས། གཞན་གྱིས་ཅི་ཞིག་བཤད་ནའང་། ཀྲུང་གོ་རང་ལ་ཡིད་ཆེས་ཀྱིས་ཁེངས་ཏེ། ཡང་དག་པའི་ལམ་དུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་པ་ཡིན་ལ། འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་གོ་ལ་འཕེལ་རྒྱས་ཐད་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་མཁན་བཅས་བྱས་ཏེ། སྔར་ལས་དགའ་སྐྱིད་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།   ། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།