ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་ལ་བར་སྣང་ནས་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་ཉེར་གཅིག་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་བསྒྲགས་སྤེལ་ནས། སོ་ཏི་ཨ་རབ་གཙོ་ཡིན་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེར་ཡེ་མིན་བྱང་ཕྱོགས་ཀྱི་སཱ་ནཱ་ཞིང་ཆེན་གྱི་བཀག་སྐྱིལ་ལྟེ་གནས་ཤིག་ལ་བར་སྣང་ནས་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

ཀུའུ་ཐི་ལེ་སི་ཡིས་མགྲིན་ཚབ་པ་ཏེ་ཡཱ་ལེ་ཁི་ཡིས་གསལ་བསྒྲགས་ནང་བཤད་རྒྱུར། ཐོག་མའི་སྙན་ཞུ་ལས་མངོན་པ་ལྟར་ན། ཐེངས་འདིའི་བར་སྣང་འཇབ་རྒོལ་ཁྲོད་ནས་ཉུང་མཐར་ཡང་མི་དྲུག་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ལྷག་ལ་རྨས་ཕོག ཡེ་མིན་གྱི་ས་ཁུལ་གཞན་པར་ཡང་བར་སྣང་གི་འཇབ་རྒོལ་ཐེབས་ཏེ། བྱིས་པ་དང་བཅས་པའི་མི་སེར་ཤི་རྨས་བཟོས་ཡོད། ཡེ་མིན་ནུབ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཧི་ཐའེ་ཏ་ཉེ་འདབས་ཀྱི་འཕྲིན་གཏོང་སྒྲིག་ལ་ཐེབས་པའི་བར་སྣང་གི་འཇབ་རྒོལ་ཁྲོད་ནས་ས་དེའི་དྲ་རྒྱའི་འཕྲིན་གཏོང་མཚམས་ཆད་པ་རྒྱ་ཆེ་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། ཀུའུ་ཐི་ལེ་སི་ཡིས་ཕྱོགས་སོ་སོར་མི་སེར་དང་དམངས་སྤྱོད་སྒྲིག་ཆས་ལ་དམིགས་པའི་འཇབ་རྒོལ་ནི་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱིས་གཏན་འགོག་བྱས་ཡོད་པ་ཞིག་ཡིན་ཞེས་གསལ་འདེབས་བྱས་ཟེར། ཀུའུ་ཐི་ལེ་སི་ཡིས་བར་སྣང་གི་འཇབ་རྒོལ་དེར་མྱུར་དུ་རྟོག་དཔྱོད་བྱས་ཏེ་འགན་འཁྲི་རྩད་གཅོད་བྱེད་དགོས་པར་མ་ཟད། ཛ་དྲག་གི་གནས་བབ་མྱུར་དུ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། ཀུའུ་ཐི་ལེ་སི་ཡིས་ད་དུང་ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངགས་ཕོ་ཉར་མཉམ་ལས་བྱས་ཏེ། ཡེ་མིན་གྱི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། གྲོས་མོལ་ལ་བརྟེན་ནས་ཡེ་མིན་གྱི་འཁྲུག་རྩོད་མཇུག་སྒྲིལ་དགོས་པའི་འབོད་སྐུལ་བཏང་།

ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་པར། ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་རྒྱལ་ས་སཱ་ནཱ་བཙན་བཟུང་བྱས་པ་དང་། དེའི་རྗེས་སུ་ཡེ་མིན་གྱི་ལྷོ་ཕྱོགས་ས་ཁུལ་བཙན་བཟུང་བྱས། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར། སོ་ཏི་ཨ་རབ་ཀྱིས་འགོ་ཁྲིད་དེ་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་བཙུགས་ཏེ། ཧུའུ་སའེ་དྲག་ཆས་རྩ་འཛུགས་ལ་རླུང་ནག་འཚུབ་མ་ཞེས་པའི་དམག་དོན་འགུལ་སྐྱོད་སྤེལ། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་འདུམ་འོག་ཏུ། ཡེ་མིན་སྲིད་གཞུང་དང་ཧུའུ་སའེ་དྲག་ཆས་རྩ་འཛུགས་གཉིས་དམག་འཁྲུག་མཚམས་འཇོག་པ་དང་བཟུང་དམག་བརྗེ་རེས་བྱེད་པ་སོགས་ཀྱི་ཐད་ལྟ་ཚུལ་གཅིག་མཐུན་བྱུང་མོད། ཡིན་ནའང་ཕྱོགས་གཉིས་ཀྱིས་ཕ་རོལ་བས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལ་གཏོར་བརླགས་བྱས་སོང་ཞེས་ཕན་ཚུན་ལ་སྐྱོན་འཛུགས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།