ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལེ་སི་ཡིས་རྒྱལ་ཁབ་སོ་སོས་མཉམ་དུ་འབད་འཐབ་བྱས་ཏེ2022ལོ་འཛམ་གླིང་གི་དཔལ་འབྱོར་སླར་གསོའི་ལོ་རུ་འགྱུར་བར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས17ཉིན2022ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་རིས་གྲོས་ཚོགས་ལ་ཤིས་ཚིག་ཕུལ་བ་དང་།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་རྡང་སྦྲེལ་ཏེ་མཉམ་ལས་བྱས་ནས་ཉིས་སྟོང་ཉེར་གཉིས་ལོ་དཔལ་འབྱོར་སླར་གསོའི་ལོ་ངོ་མ་རུ་འགྱུར་བར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལེ་སི་ཡིས་ཤིས་ཚིག་ཁྲོད་བསྟན་དོན།   མིག་སྔར། འཛམ་གླིང་གི་དཔལ་འབྱོར་འཕེལ་མེད་སོར་གནས་ནས་དལ་མོའི་ངང་སླར་གསོ་འབྱུང་བཞིན་ཡོད་མོད། ཡིན་ཡང་རྒྱུན་མཐུད་ངང་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་སོགས་རྒྱུ་རྐྱེན་གྱི་དབང་གིས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་སྔར་བཞིན་ཉམས་ཞན་ཡིན་ཟེར།

ཀུའུ་ཐི་ལེ་སི་ཡིས་ནན་གྱིས་བསྟན་དོན།   འདས་ཟིན་པའི་ལོ་གཉིས་ཀྱིས་དོན་དངོས་ཤིག་ལས་བདེན་དཔང་བྱས་ཡོད་པ་དེ་ནི་འགྱུར་ལྡོག་དངོས་མངོན་འགྱུར་བྱེད་དགོས་ན།   མི་ཚང་མས་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས་པ་དེ་ཡིན།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་གོ་རིམ་ཁྲོད་འདྲ་མཉམ་དང་དྲང་གཞག་སྲུང་སྐྱོབ་བྱེད་དགོས་པ་དང་།    ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་འགོག་སྨན་བརྒྱབ་ཚད་དེ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་བསྡུར་ན་ལྡབ་བདུན་གྱིས་མང་བས་ང་ཚོས་འགོག་སྨན་གྱི་འདྲ་མཉམ་མངོན་གསལ་རང་བཞིན་མངོན་འགྱུར་བྱེད་དགོས།   ཁོས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་གི་དཔལ་འབྱོར་མ་ལག་སྒྱུར་བཅོས་བྱེད་དགོས་པར་མ་ཟད།    འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་སྔར་ལས་བཟང་པོར་ཁ་གཏད་འཇལ་བའི་འགུལ་སྐྱོད་སྤེལ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལེ་སི་ཡིས་བསྟན་དོན།   འདྲ་མཉམ་མིན་པ་དང་དྲང་གཞག་མིན་པའི་དབང་གིས་མི་ཁྲི་སྟོང་མང་པོ་དཀའ་ཚེགས་ཀྱི་གནས་སུ་ལྷུང་ཡོད་པས།   རྒྱལ་ཁབ་སོ་སོས་མཐུན་སྒྲིལ་བྱས་ཏེ་མཉམ་དུ་རོགས་སྐྱོར་མཁོ་བའི་རྒྱལ་ཁབ་དང་མི་དམངས་ལ་རོགས་སྐྱོར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།