ཀྲུང་གོ་བོད་ཀྱི་དྲ་བ།

ཐང་ཀའི་མེ་རི་འཕྱུར་བ་ལས་མཚོ་འཕྱུར་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པར་གྲ་སྒྲིག་བྱས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་བཅོ་ལྔ་ཉིན་རང་གི་མགྲིན་ཚབ་པ་བརྒྱུད་དེ་གསལ་བསྒྲགས་སྤེལ་ནས། ཞི་བདེ་རྒྱ་མཚོན་ཆེན་མོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཐང་ཀ་རུ་མཚོ་གཏིང་གི་མེ་རི་ཞིག་འཕྱུར་བ་ལས་མཚོ་འཕྱུར་བར་སེམས་ཁུར་ཆེན་པོ་བྱས། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནམ་ཡིན་རུང་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་བཤད།

གསལ་བསྒྲགས་ནང་བཤད་རྒྱུར། ཞི་བདེ་རྒྱ་མཚོ་ཆེན་མོའི་འགྲམ་རྒྱུད་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཁང་སོ་སོས་གནད་འཚེ་དེའི་གནས་ཚུལ་ལ་ལྟ་ཞིབ་ཞིབ་མོ་བྱེད་བཞིན་ཡོད་པ་དང་། དུས་ནམ་ཡིན་རུང་གནོད་འཚེ་ཐེབས་སར་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་པའི་བཀའ་ལ་སྒུག་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་སྟེང་ཚེས་བཅོ་ལྔ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཀུའུ་ཐི་ལེ་སི་ཡིས་ད་དུང་ཨོ་སི་ཁྲི་ལི་ཡ་དང་། ནེའུ་ཙི་ལན། འཇར་པན། ཨ་མེ་རི་ཁ་སོགས་ཞི་བདེ་རྒྱ་མཚོ་ཆེན་མོའི་མཐའ་སྐོར་གྱི་རྒྱལ་ཁབ་ཀྱིས་མཚོ་འཕྱུར་བའི་ཉེན་བརྡ་བཏང་བར་དོ་སྣང་བྱེད་བཞིན་ཡོད་ཟེར།

ཐང་ཀ་རྒྱལ་ཁབ་ཀྱི་ས་གཤིས་རྟོག་དཔྱོད་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐང་ཀ་རྒྱལ་ཁབ་ཀྱི་རྒྱལ་ས་ནུའུ་ཁུའུ་ཨ་ལོ་ཧྥ་ཡི་བྱང་ཕྱོགས་ཀྱི་སྤྱི་ལེ་དྲུག་ཅུ་རེ་ལྔའི་མཚམས་སུ་ཡོད་པའི་ཧུང་ཨ་ཧ་ཨ་ཕ་དབྱི་གླིང་ཕྲན་དུ་ཚེས་བཅུ་བཞི་ཉིན་ནས་བཟུང་མེ་རི་འཕྱུར་བ་དང་། མེ་རིའི་ཐལ་བ་དང་། རླངས་གཟུགས། ཆུ་རླངས་འབོར་ཆེན་ལས་སྤྲིན་ཚོགས་ཧ་ཅང་ཆེན་པོ་ཆགས་ཟེར། གཞན་ཡང་ས་དེའི་སྨྱན་སྦྱོར་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧུང་ཨ་ཧ་ཨ་ཕ་དབྱི་གླིང་ཕྲན་གྱི་མཚོ་གཏིང་གི་མེ་རི་ཚེས་བཅོ་ལྔ་ཉིན་ཐེངས་གཉིས་པར་དྲག་ཏུ་འཕྱུར་ཏེ། ཚངས་ཐིག་ལ་སྟོང་སྨི་ལྔ་དང་དཔངས་ལ་སྟོང་སྨི་ཉི་ཤུ་ཙམ་ཡོད་པའི་མེ་རིའི་ཐལ་ཕུང་བར་སྣང་དུ་འཕྱུར། ཚེས་བཅོ་ལྔ་ཉིན་གྱི་ནམ་གུང་མེ་རིའི་ཐལ་བ་གང་སར་ལྷུང་བས་ས་དེའི་འཕྲིན་གཏོང་དྲ་བར་ཡང་གནོད་པ་ཐེབས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཤད་རྒྱུར། ཐང་ཀ་རྒྱལ་ཁབ་ཀྱི་འཕྲིན་གཏོང་དྲ་བར་བར་ཆད་ཆེན་པོ་ཐེབས་པས། མིག་སྔར་མི་སྣ་ཤི་རྨས་ཅི་ཙམ་བྱུང་བ་དང་ས་ཆ་ཅི་ཙམ་ལ་གནོད་པ་ཐེབས་པའི་གནས་ཚུལ་ད་དུང་འབྱོར་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།