ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱིས་མཚོ་ཡོམ་གྱི་ཉེན་བརྡ་མེད་པར་བཟོས་པ་དང་ས་ཆ་མང་ཆེ་བའི་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་དྲུག་ཉིན་གྱི་ནམ་ལངས་སྐབས་སུ། འཇར་པན་གནམ་གཤིས་ཐིན་གྱིས་སྔ་གཞུག་བྱས་ཏེ་ཆན་མེ་ཀྲུའུ་གླིང་ཕྲན་དང་ཐུའུ་ཀ་ལ་ལེ་གླིང་ཕྲན། ཡན་ཧྲིག་རྫོང་བཅས་ལ་མཚོ་ཡོམ་གྱི་ཉེན་བརྡ་བཏང་། ས་གནས་དེའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་ཡས་མས་སུ། འཇར་པན་གྱིས་ས་ཁུལ་ཡོངས་སུ་མཚོ་ཡོམ་གྱི་ཉེན་བརྡ་མེད་པར་བཟོས་ཡོད་ནའང་། ས་ཆ་མང་ཆེ་བ་ཞིག་གི་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཐེབས།

འཇར་པན་གྱི་སྨྱན་བྱེད་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཚེས་བཅུ་དྲུག་ཉིན་གྱི་ནམ་ལངས་དུས་སུ། ཆན་མེ་ཀྲུའུ་གླིང་ཕྲན་གྱི་གྲོང་མི་དང་ཡུལ་སྐོར་བ་ཚོར་མཚོ་ཡོམ་གྱི་ཉེན་བརྡ་འབྱོར་རྗེས། མཚན་བརྒྱབ་ནས་ས་བབ་མཐོ་ས་ཞིག་ལ་ཉེན་ཁར་གཡོལ་དུ་སོང་ནའང་། ལམ་བར་ཡོངས་སུ་ཁེགས་ནས་འགྲོ་མ་ཐུབ། འཇར་པན་གྱི་ས་ཁུལ་མང་ཆེ་བའི་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཐེབས་པ་དང་། རྒྱལ་ནང་གི་གནམ་གྲུ་ཉེར་བདུན་གཏོང་མཚམས་བཞག་པར་མ་ཟད། ས་ཁུལ་ཁག་གཅིག་གི་ལྕགས་ལམ་དང་གྲུ་གཟིངས་སྐྱེལ་འདྲེན་བྱེད་མཚམས་ཀྱང་བཞག་ཡོད།  ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་དུ། ཀོ་ཀྲི་རྫོང་དང་སན་ཀྲུང་རྫོང་། ཏི་ཏའོ་རྫོང་བཅས་ཀྱི་གྲུ་གཟིངས་ཉེར་གཅིག་ཆུའི་ནང་དུ་ནུབ་པའམ་ཡང་ན་མགོ་རྟིང་ལོག་ཡོད། གཞན་ཡང་ཚེས་བཅོ་ལྔ་དང་བཅུ་དྲུག་ཉིན་ནི་འཇར་པན་གྱི་མཐོ་རྒྱུགས་ཉིན་མོར་འཁེལ་ཡོད་ཅིང་། མཚོ་ཡོམ་གྱི་ཉེན་བརྡ་བཏང་བ་དེས་མཐོ་རྒྱུགས་ལ་ཞུགས་པའི་སློབ་མར་ཤུགས་རྐྱེན་བཟོས་ཡོད། ཡན་ཧྲི་རྫོང་ཀུང་ཀུའུ་གྲོང་ཁྱེར་གྱི་རྒྱུགས་ར་ཞིག་ཚེས་བཅུ་དྲུག་ཉིན་མཚོ་ཡོམ་གྱི་རྐྱེན་གྱིས་ཡིག་རྒྱུགས་མེད་པར་མི་བཟོ་ག་མེད་བྱུང་། དེ་བཞིན་དུ་ས་གནས་མང་པོ་ཞིག་གི་རྒྱུགས་ར་ལའང་གློག་སྒུལ་རླངས་འཁོར་སྐྱེལ་འདྲེན་བྱེད་མཚམས་བཞག་པ་སོགས་ཀྱི་དབང་གིས་རྒྱུགས་སྤྲོད་པའི་དུས་ཚོད་ཕྱིར་འགྱངས་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།