ཨ་མེ་རི་ཁའི་ཨུ་ལེ་ཀང་མངའ་སྡེའི་ཡུག་ཅིན་གྲོང་ཁྱེར་དུ་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་དྲུག་རྨས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཨ་མེ་རི་ཁའི་ཨུ་ལེ་ཀང་མངའ་སྡེའི་ཡུག་ཅིན་གྲོང་ཁྱེར་དུ་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་དྲུག་རྨས། མིག་སྔར་དོགས་ཡོད་ཉེས་ཅན་བྲོས་བྱོལ་བྱས།

ཡུག་ཅིན་གྲོང་ཁྱེར་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་དོན། ཚེས་བཅུ་བཞི་ཉིན་གྱི་དུས་ཚོད་ཉེར་གཅིག་དང་སྐར་མ་སུམ་ཅུ་ཡས་མས་སུ། ཉེན་རྟོག་ཕྱོགས་ལ་རོལ་མོ་ཚོགས་རའི་ཕྱི་རོལ་གྱི་རླངས་འཁོར་འཇོག་ས་ནས་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་བའི་ཁ་པར་འབྱོར། ཉེན་རྟོག་པ་མྱུར་དུ་ཡུལ་དངོས་ལ་སོང་རྗེས་མི་དྲུག་རྨས་འདུག་ལ། དེའི་ནང་གི་མི་གཅིག་རྨས་པ་ཧ་ཅང་ལྗིད་པ་དང་། རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད།

ཡུག་ཅིན་གྲོང་ཁྱེར་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་ཁི་ལིས་སི་སི་ཅིན་ནཱ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་དོན།  མཐོང་མཁན་གྱིས་འདོན་སྤྲོད་བྱས་པའི་གནས་ཚུལ་དེ་འདྲ་ཞིབ་མོ་མིན་པའི་དབང་གིས་ཞིབ་བཤེར་མི་སྣས་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་ལ་རྒྱུས་ལོན་གསལ་བོ་ཞིག་བྱེད་ཐབས་མེད་པར་གྱུར། ཉེན་རྟོག་ཕྱོགས་ཀྱིས་རྒྱུས་ལོན་རགས་ཙམ་བྱས་པ་ལྟར་ན་མེ་མདའ་རྒྱག་མཁན་ནི་སྐྱེས་པ་ཞིག་ཡིན་པ་དང་ད་ལྟ་དོགས་ཡོད་ཉེས་ཅན་སྔར་བཞིན་བྲོས་བྱོལ་བྱས་ཟེར།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།