ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆིངས་དང་ཨུ་རུ་སིའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་པུའུ་ལུའུ་སེར་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   བྱང་ཆིངས་དང་ཨུ་རུ་སིའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཚེས་བཅུ་གཉིས་ཉིན་པི་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ན་ཡོད་པའི་སྤྱི་ཁྱབ་པུའུ་ནས་བསྡུས་ཏེ། ཨུ་རུ་སི་དང་བྱང་ཆིངས་ཀྱི་འབྲེལ་བ་དང་དེ་མིན་ཡོ་རོབ་གླིང་གི་བདེ་འཇགས་སོགས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་བར་བྱང་ཆིངས་ཤར་ཕྱོགས་སུ་རྒྱ་བསྐྱེད་པ་སོགས་ཀྱི་གནད་དོན་ཐད་ནས་སྔར་མུས་བཞིན་འགལ་བ་བྱུང་།

ཐེངས་འདིའི་གྲོས་ཚོགས་ནི་བྱང་ཆིངས་དང་ཨུ་རུ་སིའི་ལས་འཛིན་ལྷན་ཚོགས་ཀྱིས་ལོ་གཉིས་ལྷག་གི་རིང་ལ་བསྡུས་པའི་གྲོས་ཚོགས་ཐོག་དང་པོ་ཡིན་ལ། དུས་ཚོད་བཞི་ཙམ་གྱི་གྲོས་ཚོགས་དེ་གསང་བའི་སྒོ་ནས་བསྡུས་པ་རེད། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཀུ་ལུའུ་ཧྲི་ཁི་དང་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྥུའུ་མེན་གྱིས་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས་པ་དང་། བྱང་ཆིངས་ཀྱི་དྲུང་ཡིག་ཆེན་མོ་སི་ཐོ་ཨར་ཐིན་པེ་ཀི་དང་ཨ་མེ་རི་ཁའི་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་ཧྲི་མན་དང་བྱང་ཆིངས་ཁོངས་གཏོགས་རྒྱལ་ཁབ་གཞན་དག་གི་འཐུས་མི་གྲོས་ཚོགས་ལ་ཞུགས།

ཀི་ལུའུ་ཧྲི་ཁི་ཡིས་གྲོས་ཚོགས་ཀྱི་རྗེས་སུ་གསར་འགོད་པའི་ཚོགས་ཐོག་ཏུ་བཤད་དོན། ཕྱོགས་གཉིས་ཀྱིས་ཉེ་བའི་ལོ་འགའི་རིང་ལ་ཡོ་རོབ་གླིང་གི་བདེ་འཇགས་ཛ་དྲག་ཏུ་གྱུར་བའི་རྒྱུ་རྐྱེན་ཡོད་ཚད་ལ་གྲོས་བསྡུར་བྱས་ཤིང་། ཚོགས་ཐོག་ནས་ཕ་རོལ་བའི་ལངས་ཕྱོགས་ལ་རྒྱུས་ལོན་པར་རོགས་འདེགས་བྱས་པ་དང་། དེ་དང་མཉམ་དུ་ཕྱོགས་གཉིས་ཀར་གཞི་རྩའི་གནད་དོན་གང་མང་ཐད་འགལ་བ་གནས་ཡོད་པ་མཚོན་པར་བྱས། ཨུ་རུ་སི་ཕྱོགས་ཀྱིས་མུ་མཐུད་དུ་བྱང་ཆིངས་དང་གྲོས་མོལ་བྱེད་རྒྱུ་གྲ་སྒྲིག་བྱེད་རྩིས་ཡོད་ནའང་གྲོས་མོལ་ལ་གྲུབ་འབྲས་ཐོབ་པའི་སྔོན་འགྲོའི་ཆ་རྐྱེན་ནི་གྲོས་མོལ་དེ་ཅིས་ཀྱང་ཐུན་མོང་གི་དམིགས་འབེན་ཕྱོགས་སུ་བསྐྱོད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།